འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། 2025ལོའི་ཟླ4པའི་ཚེས28ཉིན་ནས་ཚེས29ཉིན་བར་དཔའ་ཤོད་རྫོང་གིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོའི་རིགས་གཞུང་སྲིད་ཇུས་ཀྱི་སྒྲོག་འགྲེལ་འགྲན་སྡུར་སྐབས་དང་པོ་སྤེལ་བ་རེད།
ཐེངས་འདིའི་འགྲན་སྡུར་གྱིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བརྗོད་དོན་གཙོ་བོར་བཟུང་ཞིང་། བྱེད་སྒོ་སྔོན་ལ་གྲོང་ཚོ་རིམ་པའི་གྲ་སྒྲིག་འགྲན་སྡུར་དང་། ཤང་རིམ་པའི་ཐོག་མའི་འགྲན་སྡུར་སོགས་ཀྱི་རབ་དང་རིམ་པའི་བདམས་གསེས་བྱས་ཡོད། རྫོང་ཡོངས་ཀྱི་གྲོང་ཚོ (སྡེ་ཁུལ)110ཡི་འགྲན་ཞུགས་པ677གྱིས་གྲ་སྒྲིག་ཞིབ་ཚགས་དང་སྤེལ་རེས་ཧུར་ཐག་བྱས་པ་དང་། མཐར་གཞི་རིམ་གྱི་ལས་བྱེད་པ་དང་ཞིང་འབྲོག་པའི་ཏང་ཡོན36རྫོང་རིམ་པའི་བསྐྱར་འགྲན་གྱི་གར་སྟེགས་ཐོག་འགྲེང་ཡོད།
འཁོར་ཆེན་ཤང་གི་འགྲན་ཞུགས་པ་ཀུན་བཟང་དཔལ་འབྱོར་གྱིས་རྒྱ་བོད་སྐད་གཉིས་ཀྱི་ལམ་ནས“ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་བྱེད་དགོས”“སློབ་གསོ་དང་སྨན་བཅོས”སོགས་ཀྱི་རིགས་གཞུང་སྲིད་ཇུས་སྐོར་ལ་འགྲེལ་བཤད་བསྐྱོན་ཡོད། ཁོང་གིས་དམངས་ཕན་སྲིད་ཇུས་ཀྱིས་ཞིང་འབྲོག་ཁུལ་དུ་རྩ་བ་ཚུགས་པ་དང་རྒྱ་ཆེའི་ཞིང་འབྲོག་པའི་འཚོ་བའི་སྤུས་ཚད་ཁག་མཐོར་འདེགས་བྱུང་བ་སོགས་ཀྱི་དངོས་ཡོད་དཔེ་མཚོན་ལ་བརྟེན་ནས་ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་རླབས་ཆེན་ལ་བསྟོད་གླུ་ཕུལ་ཡོད། ཁོང་གི་སྒྲོག་འགྲེལ་གྱིས་དཔའ་ཤོད་རྫོང་གི་མང་ཚོགས་ཀྱིས་ཏང་གི་གསུང་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་པའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བར་ཁྲིད་སྟོན་བྱུང་བ་དང་། ཚང་མས་ད་ཆའི་རྙེད་པར་དཀའ་བའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་བྱེད་དགོས་པའི་སྐུལ་སློང་བྱས་ཡོད།
སྤང་མདའ་གྲོང་རྡལ་གྱི་འགྲན་ཞུགས་པ་ཐར་རྒྱལ་གྱིས“ཆབ་མདོ་བཅིངས་འགྲོལ”ཞེས་པའི་སྒྲོག་འགྲེལ་གྱིས་གསར་བརྗེའི་ལོ་རྒྱུས་ལ་སྐུལ་སློང་ཐེབས་པ་དང་། རིགས་གཞུང་སྲིད་ཇུས་ལ་གསོན་ཤུགས་བསྩལ་ཏེ་གསར་བརྗེའི་གཞི་རྒྱུ་རྒྱུད་འཛིན་དང་གསར་བརྗེའི་ཁྲག་རྒྱུན་དར་སྤེལ་གཏོང་བའི་འབོད་སྐུལ་བཏང་བ་དང་། དེ་དང་མཉམ་དུ་ཆེས་མཛེས་པའི་གྲོང་གསེབ་དར་རྒྱས་དང་རྒྱལ་ཁབ་སྟོབས་ལྡན་གྱི་ལམ་བུའི་ཐོག་ཧུར་ཐག་གིས་བསྐྱོད་པའི་དུས་རབས་ཀྱི་དུང་བརྡ་བསྒྲགས་ཡོད།
རྫོང་ཨུད་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་ཐེངས་འདིའི་འགྲན་སྡུར་གྱི་དཔྱད་འདེམས་པ་བསོད་ནམས་རབ་བརྟན་གྱིས“ཐེངས་འདིའི་སྒྲོག་འགྲེལ་འགྲན་སྡུར་གྱིས་རིགས་གཞུང་གཞི་རིམ་དུ་བསྐྱོད་པའི་མཇུག་མཐའི་ལེ་བར་གཅིག་གི་རྒྱུ་ལམ་ཡངས་པོར་བཏོད་དེ་རིགས་གཞུང་སྲིད་ཇུས་རྩ་བ་ཚུགས་པ་དང་། འཕེལ་རྒྱས་མྱུར་བའི་གཞི་གདན་བརྟན་དུ་བཏང་ནས་ཏང་གི་གསུང་སྐད་དེ་གངས་ལྗོངས་ས་མཐོའི་རི་ལུང་ཐང་གསུམ་དུ་ཁྱབ་ཏུ་བཅུག་སོང”ཞེས་འགྲན་སྡུར་རྗེས་སུ་དེ་ལྟར་བཤད།
“སྲིད་ཇུས་ཉན་ན་གོ་ཞིང་བདེ། ཕྱུག་འགྱུར་ལམ་བུ་དེ་བས་ཡངས།”“སྔོན་མ་སྲིད་ཇུས་ལ་རྒྱུས་ལོན་བྱེད་དཀའ་སྙམ། ད་ལྟ་ཧ་གོ་བྱུང་།”མང་ཚོགས་ཀྱི་སྐད་ཆ་འདི་དག་ལས་ཐེངས་འདིའི་འགྲན་སྡུར་གྱིས་རིགས་གཞུང་སྲིད་ཇུས་ཁྱབ་གདལ་དུ་གཏོང་བ་དང་། མང་ཚོགས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བར་ནུས་པ་ཆེན་པོ་ཐོན་ཡོད་པ་གང་ལེགས་མཚོན་ཐུབ། (ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)