国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年05月02日

དུས་རབས་གསར་པའི་ས་མཐོའི་ངལ་རྩོལ་པའི་གླུ་དབྱངས་ལེན།

—— “ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་སྐབས་སུ་བྲིས།

“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་འཆར་ཉེའི་མཚམས་སུ། ང་ཚོས་ལྗོངས་ཡོངས་ཀྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་པར་དུས་ཆེན་གྱི་སྨོན་འདུན་ཞུ་རྒྱུ་དང་ལྗོངས་ཡོངས་ཀྱི་འཐབ་ཕྱོགས་ཁག་ཏུ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་མཁན་སྔོན་ཐོན་མཉམ་སྡེབ་དང་དཔེ་བཟང་བར་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན།

“དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ངེས་པར་དུ་ཏང་གི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ནས་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས”ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་བཙུགས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ། ལོ་100ཡི་རིང་ཏང་གིས་འགོ་ཁྲིད་པའི་ཀྲུང་གོའི་བཟོ་པའི་ལས་འགུལ་གྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དང་གྲུབ་འབྲས་རླབས་པོ་ཆེར་ཚད་མཐོའི་གདེང་འཇོག་གནང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་སྤྱི་ཡོངས་ཁྲོད་ཀྱི་ཀྲུང་གོའི་བཟོ་པའི་གྲལ་རིམ་དང་ཀྲུང་གོའི་བཟོ་ཚོགས་ཀྱི་གནས་བབ་དང་ནུས་པར་ཁས་ལེན་གང་ལེགས་གནང་སྟེ། རང་རྒྱལ་གྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་རྒྱང་ལམ་གསར་པར་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པར་རེ་བ་ནན་པོ་བཅོལ་གནང་ཡོད།

ལོ་རྒྱུས་ནི་མི་དམངས་ཀྱིས་བྲིས་པ་དང་གཟི་བརྗིད་ནི་ངལ་རྩོལ་ལ་བརྟེན་ནས་བསྐྲུན་དགོས། འདི་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཡིན་པས། དུས་ཀྱི་མཚམས་ཚིགས་འདི་ནས་འདས་ཟིན་པར་ཕྱིར་མིག་བལྟས་ཚེ། ང་ཚོས་ངལ་རྩོལ་གྱི་དོན་སྙིང་དང་འབད་འཐབ་ཀྱི་རིན་ཐང་ལ་ངོས་འཛིན་སྔར་བས་གཏིང་ཟབ་བྱེད་ཐུབ། ཞི་བས་བཅིངས་འགྲོལ་བཏང་བ་ནས་དམངས་གཙོའི་བཅོས་སྒྱུར་བར་དང་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་ཐོག་སྐྱོད་པ་ནས་སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བར། ངལ་རྩོལ་མང་ཚོགས་གྲངས་ལས་འདས་པའི་ཁྲག་དྲོན་དང་རྔུལ་ཆུ་ལས་རྒྱ་མཚོ་ཆེན་པོ་ཆགས་ཏེ། ས་མཐོའི་ས་གཞི་ཆེན་པོར་འཕེལ་རྒྱས་དང་ཡར་ཐོན་གྱི་རྦ་རླབས་མཁའ་ལ་འཕྱུར་བཞིན་མཆིས།

དུས་རབས་གསར་པར་སླེབས་སྐབས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་བཟོ་པའི་གྲལ་རིམ་དང་བཟོ་ཚོགས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་དོན་འཁྱོལ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མཐུན་སྒྲིལ་སྣེ་ཁྲིད་འོག་བདག་པོའི་དཔའ་ངར་ཆེ་བའི་ཉམས་འགྱུར་གང་ལེགས་མངོན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཡུལ་ས་གཙོ་བོར་ཧུར་ཐག་ཞུགས་ནས་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད། “མི་ཡུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་བའི”ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་དང་། “བོད་ཀྱི་མྱུར་ཚད”རྒྱུན་མཐུད་གཏོད་པ། “བོད་ཀྱི་གཏམ་རྒྱུད”ཆེས་ཆེར་ཁྱབ་པ་བཅས་ཕྱོགས་གང་ཅིའི་ཐད་རྒྱ་ཆེའི་ངལ་རྩོལ་པའི་སྤྱང་གྲུང་དང་བློ་གྲོས་དང་། དཀའ་སྤྱད་ཀྱི་རྔུལ་ཆུ། བློས་གཏོང་དང་ལེགས་སྐྱེས་བཅས་གཅིག་ཏུ་འདུས་ཡོད།

ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་ལངས་ནས་ཏང་དང་རྒྱལ་ཁབ་ཀྱིས་བཟོ་ཚོགས་རྩ་འཛུགས་ལ་རེ་བ་ཆེན་པོ་བཅངས་ཡོད་པ་དང་། ལས་བཟོ་མང་ཚོགས་ཀྱིས་བཟོ་ཚོགས་རྩ་འཛུགས་ལ་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད། དུས་རབས་གསར་པའི་ས་མཐོའི་ངལ་རྩོལ་པའི་གླུ་དབྱངས་སྐད་གསང་མཐོན་པོས་བླངས་ནས་ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བརྟན་པོ་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་མཐའ་འཁྱོངས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་མཐའ་འཁྱོངས་ལྷོད་མེད། ལས་བཟོ་མང་ཚོགས་ལ་སྣེ་ཁྲིད་བྱས་ནས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་བློ་བརྟན་འགྱུར་མེད་ངང་འཁུར་དགོས་པའི་བླང་བྱ་བཏོན་ཡོད། ལས་བཟོ་ལྟེ་བར་འཛིན་པའི་ལས་ཀའི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཏེ་སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་ནས་ཁེ་དབང་སྲུང་སྐྱོང་གི་ཞབས་འདེགས་ཡག་པོ་ཞུས་ཏེ། བཟོ་ཚོགས་སྒྱུར་བཅོས་དང་འཛུགས་སྐྲུན་རྒྱུན་མཐུད་ཟབ་ཏུ་གཏོང་བ་དང་། བཟོ་ཚོགས་རྩ་འཛུགས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་ཆེ་རུ་ངེས་ཅན་གཏོང་བ། གསར་འབྱེད་གསར་གཏོད་དང་བློ་སྟོབས་ཆེན་པོས་མདུན་སྐྱོད་བཅས་བྱས་ཏེ། རང་ལྗོངས་ཀྱི་བཟོ་པའི་ལས་འགུལ་བྱ་གཞག་དང་བཟོ་ཚོགས་ལས་དོན་གྱི་སྔར་བས་གཟི་བརྗིད་ལྡན་པའི་དུས་རབས་ཀྱི་ལེའུ་རྒྱུན་ཆད་མེད་པར་རྩོམ་དགོས།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་པའི་རྒྱང་ལམ་དུ། ང་ཚོས་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་བ་དེ“ལམ་གཉིས”ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ཟུང་འབྲེལ་བྱས་ནས། དུས་རབས་གསར་པའི་ས་མཐོའི་ངལ་རྩོལ་པའི་གླུ་དབྱངས་སྐད་གསང་མཐོན་པོས་བླངས་ཏེ་ཏན་ཏན་ཏིག་ཏིག་དང་། ཤུགས་སྐྱེད་བརྩོན་ལེན། འབད་བརྩོན་སྐྱེས་འབུལ་བཅས་བྱས་ཐོག་གསར་གཏོད་ལ་བརྟེན་ནས་དུས་རབས་གསར་པར་ཕྱོགས་པ་དང་འབད་འཐབ་ལ་བརྟེན་ནས་འོད་སྟོང་གསར་པ་གཏོད་དགོས།