国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年05月02日

ཆབ་མདོའི་སྤང་མདའ་གནམ་གྲུ་ཐང་ཤར་གཏོང་ཐུབ་ནས་ལོ་འཁོར30ལོན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ4པའི་ཚེས28ཉིན། འཛམ་གླིང་ཐོག་ས་བབ་མཐོ་ཚད་ཨང་གཉིས་པའི་དམངས་སྤྱོད་གནམ་གྲུ་ཐང་སྟེ་ཆབ་མདོའི་སྤང་མདའ་གནམ་གྲུ་ཐང་ཤར་གཏོང་ཐུབ་ནས་ལོ་འཁོར30ལོན་པར་བསུ་མ་བྱས། གངས་ལྗོངས་མཐོ་སྒང་གི་ས་བབ་མཐོ་ཚད་སྨི4334མཚམས་སུ་འགྱིང་ངེར་གནས་པའི“སྤྲིན་རུམ་གྱི་མཁའ་ལམ”འདི་ཉིད་ཀྱིས་ལོ་ངོ30ཡི་རིང་དཀའ་སྡུག་ཚད་མེད་མྱངས་བ་བརྒྱུད་མཐོ་སྒང་གི་མཐོ་བའི་གནམ་གྲུ་ཐང་འཕེལ་རྒྱས་ཐད་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད།

བོད་ཤར་གྱི་འགྲིམ་འགྲུལ་འགག་རྩ་ཡིན་པའི་ཆ་ནས་སྤང་མདའ་གནམ་གྲུ་ཐང་ནི1995ལོའི་ཟླ4པའི་ཚེས28ཉིན་དངོས་སུ་ཤར་གཏོང་ཐུབ་པ་དང་། འདིས་ཆབ་མདོ་གྲོང་ཁྱེར་དུ“ཕར་འགྲོ་ཚུར་འོང་དཀའ་བའི”ལོ་རྒྱུས་སྒྱུར་ཡོད། གནམ་གྲུ་ཤར་གཏོང་ཐུབ་ནས་ལོ་ངོ30ཡི་རིང་། སྤང་མདའ་གནམ་གྲུ་ཐང་གིས་བསྡོམས་པས་དུས་གཏན་གནམ་གྲུ་ཁྲི4.9འབབ་འཕུར་ལ་འགན་སྲུང་བྱས་ཤིང་། ཡུལ་སྐོར་བ་མི་ཐེངས་ཁྲི450སྐྱེལ་ལེན་དང་དངོས་རྫས་ཏུན་ཁྲི4ཙམ་དབོར་འདྲེན་བྱས། 2024ལོར་ཡུལ་སྐོར་བ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི45.5སླེབས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བཏོད་ཡོད།

མིག་སྔར། ཀྲུང་གོའི་རྒྱལ་སྤྱིའི་མཁའ་འགྲུལ་དང་བོད་ལྗོངས་མཁའ་འགྲུལ། ནུབ་རྒྱུད་མཁའ་འགྲུལ་སོགས་མཁའ་འགྲུལ་ཀུང་སི3གྱི་ཆབ་མདོའི་མཁའ་ལམ་གྱི་འཕུར་སྐྱོད་ལག་བསྟར་བྱེད་བཞིན་ཡོད་ལ། ཁྲིན་ཏུའུ་དང་ལྷ་ས། ཁྲུང་ཆིང་། ཞི་ཨིན། ཅིན་དབྱང་སོགས་གྲོང་ཁྱེར་དུ་ཐད་འཕུར་ཐུབ་པ་རེད། 2024ལོར་གནམ་གྲུ་ཐང་གིས་དངོས་ཟོག་ཏུན1748.3དབོར་འདྲེན་བྱས་པ་དང་། དབྱ་རྩྭ་དགུན་འབུ་དང་ཀེ་ཤ་སོགས་མཐོ་སྒང་ཁྱད་ཐོན་དངོས་ཟོག་མཁའ་འགྲུལ་ཀུང་སིའི་འཁྱགས་ཉར་ཕྲེང་འབྲེལ་བརྒྱུད་ནས་རྒྱལ་ཡོངས་སུ་བསྐྱལ། ཁྱོགས་སུ་སྡོད་པའི་ཡུལ་སྐོར་བ་དང་རྐུབ་སྟེགས་འཁོར་ལོ་ཅན་དུ་སྡོད་པའི་ཡུལ་སྐོར་བ། ནད་པ་ཚབས་ཆེན་སོགས་དམིགས་བསལ་ཡུལ་སྐོར་བ་མི་ཐེངས2090ལྷག་སྐྱེལ་ལེན་བྱས།

དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་གནམ་གྲུ་ཐང་སྡེ་ཚོགས་ཚད་ཡོད་ཀུང་སི་ཆབ་མདོའི་སྤང་མདའ་གནམ་གྲུ་ཐང་ཡན་ལག་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་སྤྱི་གཉེར་བ་བློ་བཟང་ཚེ་རིང་གིས་བསྟན་དོན། གནམ་གྲུ་ཤར་གཏོང་ཐུབ་པའི་ལོ་ངོ30ཡི་རིང་། ཆབ་མདོའི་སྤང་མདའ་གནམ་གྲུ་ཐང་གིས་རྨང་གཞིའི་འཕྲིན་གཏོང་དང་ཕྱོགས་སྟོན། སྒྲིག་བཀོད་འཕེལ་རྒྱས་སུ་གཏོང་བ་ནས་གོ་ལ་ཧྲིལ་བོའི་སྔོན་ལ་སླེབས་པའི་ཞིབ་མོའི་ཕྱོགས་སྟོན་མ་ལག་སྤྱོད་པའི་བར་དང་། སྣ་གཅིག་རང་བཞིན་གྱི་འགྲུལ་སྐྱེལ་ནུས་པ་ནས་འགྲུལ་སྐྱེལ་དང་ཟོག་སྐྱེལ། འཕྲལ་བསྟུན་རོགས་སྐྱོབ་སོགས་ཕྱོགས་བསྡུས་ལྟེ་གནས་སུ་རྒྱ་སྐྱེད་དུ་བཏང་སྟེ། མི་རབས་འགའི་དམངས་སྤྱོད་མཁའ་འགྲུལ་བའི་འབད་བརྩོན་མཐར་སྐྱེལ་དང་བླ་མེད་བྱས་རྗེས་གོང་བུར་འགྲིལ་ཡོད།(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)