● དུས་བབ་ཀྱི་འགྱུར་ལྡོག་དང་འཚམ་པ་དང་འཐབ་ཇུས་ཀྱི་གཙོ་གནད་སྟངས་འཛིན་བྱས་ཏེ“ལོ་ལྔ་ཚན་བཅོ་ལྔ་པ”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱེད་དགོས།
ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ་4ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་30ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གཅིག་གི“ལོ་ལྔ་ཚན་བཅོ་ལྔ་པ”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ད་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པ”ཡི་འཆར་འགོད་མཇུག་བསྡུའི་ལོ་ཡིན་པས། འཆར་འགོད་ཀྱི་དམིགས་ཚད་དང་ལས་འགན་དོན་འཁྱོལ་གང་མགྱོགས་བྱེད་པ་དང་ཆབས་ཅིག དུས་བབ་ཀྱི་འགྱུར་ལྡོག་དང་འཚམ་པ་དང་འཐབ་ཇུས་ཀྱི་གཙོ་གནད་སྟངས་འཛིན་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པ”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།
བཞུགས་མོལ་ཚོགས་འདུའི་ཐོག ནང་སོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་སུན་ཧྲའོ་ཁྲེང་དང་། ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཅི་ཉིང་། ཀྲེ་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་ཧའོ། ཧུའུ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་ཀྲུང་ལིན། ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧོང་ཁུན་མིན། སི་ཁྲོན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་ཞའོ་ཧུའེ། ཀན་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་ནས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པ”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་ལ་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད།
ཚང་མའི་གཏམ་བཤད་གསན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ལོ་ལྔའི་འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་བ་དང་མུ་མཐུད་ལག་བསྟར་བྱ་རྒྱུ་ནི་རང་རེའི་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་གལ་ཆེན་ཞིག་རེད་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཀྱི་ལེགས་ཆ་གལ་ཆེན་ཞིག་ཀྱང་རེད། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཇུས་འགོད་བྱེད་སྐབས། ངེས་པར་དུ“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དུས་མཚམས་རང་བཞིན་གྱི་བླང་བྱར་སྟངས་འཛིན་གནད་འཁེལ་བྱེད་པ་དང་། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་དམིགས་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པའི་རྩ་བའི་དམིགས་ཚད་ལ་དམ་པོར་དམིགས་པ་བཅས་བྱས་ཏེ། ཁྱབ་ཁོངས་རེ་རེ་བཞིན་དུ་དམིགས་ཚད་དང་ལས་འགན་ལུགས་མཐུན་གཏན་འཁེལ་བྱས་ཏེ་བསམ་ཕྱོགས་དང་བྱེད་ཐབས་འདོན་དགོས། ཕྱོགས་ཁག་གི་དམིགས་ཚད་དང་ལས་འགན་ལ་དབྱེ་ཞིབ་དང་རིགས་པས་ཁུངས་སྐྱེལ་གཏིང་ཟབ་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་གནད་སྨིན་ཐུབ་པ་དང་དུས་བཀག་ལྟར་མངོན་འགྱུར་ཐུབ་པའི་འགན་ལེན་བྱེད་དགོས། སྤྱི་འདོམས་འཆར་འགོད་ཀྱིས་འགག་རྩའི་རང་བཞིན་དང་གཏན་འཁེལ་རང་བཞིན་གྱི་རྒྱུ་རྐྱེན་ལ་དམ་འཛིན་དང་། གོ་རིམ་དང་མྱུར་ཚད་ལ་སྟངས་འཛིན་ཡག་པོ་བྱེད་པ། ལེགས་ཆ་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། འཇུར་མིག་དང་འགག་གནད་ལས་ཚད་བརྒལ་བྱེད་པ། ཞན་ཆ་སེལ་བ་དང་རྣམ་གྲངས་སྟོབས་ཆེར་གཏོང་བ། སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་ལ་གཙིགས་ཆེན་བྱས་ཏེ། དམིགས་ཚད་ཧྲིལ་པོའི་ཁ་ཕྱོགས་ཀྱི་གཅིག་མཐུན་རང་བཞིན་རྒྱུན་འཁྱོངས་བྱེད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཇུས་འགོད་བྱེད་སྐབས། རྒྱལ་སྤྱིའི་དུས་བབ་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ལས་རང་རྒྱལ་ལ་ཐེབས་པའི་ཤུགས་རྐྱེན་ལ་སྔོན་མཐོང་རང་བཞིན་གྱི་སྒོ་ནས་སྟངས་འཛིན་བྱས་ཏེ། དཔལ་འབྱོར་བཀོད་པ་ལེགས་སྒྲིག་ལེགས་སྒྱུར་བྱ་རྒྱུར་བབ་བསྟུན་སྣེ་ཁྲིད་བྱེད་དགོས། བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་པ་དང་། བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་པོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། བྱེད་ཐབས་མང་པོ་མཉམ་སྤྱོད་ཀྱིས་ལས་ཞུགས་བརྟན་པོ་དང་། ཁེ་ལས་བརྟན་པོ། ཁྲོམ་ར་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཡོང་བར་བྱེད་པ། དཔལ་འབྱོར་གྱི་གཞི་རྩར་དམ་འཛིན་ནན་པོ་བྱེད་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གང་མགྱོགས་སྐྲུན་པ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་ལ་དེ་བས་གཙིགས་ཆེན་བྱེད་པ་དང་། ཕྱི་ནང་གི་ཉེན་ཁ་དང་འགྲན་སློང་ལ་ཕྱོགས་ཡོངས་ནས་བསམ་བློ་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། བདེ་འཇགས་སྲུང་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། ནུས་ཆེའི་བཅོས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱི་མཉམ་འགུལ་བཟང་པོར་སྐུལ་འདེད་གཏོང་བ་དང་། བདེ་འཇགས་ཀྱི་བཀོད་པ་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འགན་ལེན་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ངེས་པར་དུ་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་རྒྱུ་དེ་བས་མངོན་གསལ་དོད་པའི་འཐབ་ཇུས་ཀྱི་གནས་བབ་ཐོག་འཇོག་པ་དང་། ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྣེ་ཁྲིད་བྱེད་པ་དང་དངོས་ཚན་དཔལ་འབྱོར་རྨང་གཞིར་བྱེད་པ། སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། གསར་དར་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་བ། འབྱུང་འགྱུར་ཐོན་ལས་སྔོན་ལ་བཀོད་སྒྲིག་བཅས་མཉམ་དུ་སྤེལ་རྒྱུ་མཐའ་འཁྱོངས་བྱས་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་གང་མགྱོགས་སྐྲུན་དགོས། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། གསར་གཏོད་བྱེད་པོ་སྣ་ཚོགས་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ། འཛམ་གླིང་གི་ཚན་རྩལ་མདུན་གྲལ་ལ་དམིགས་པ། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་དང་ཐོག་མའི་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་བར་མུ་མཐུད་ཤུགས་སྣོན་་བཅས་བྱས་ནས། འགག་རྩའི་ལྟེ་བའི་ལག་རྩལ་དང་ལག་རྩལ་གསར་པ་ཚད་བརྒལ་བྱེད་པར་དམ་འཛིན་བྱེད་དགོས། སློབ་གསོ་ཚན་རྩལ་གྱི་ཤེས་ལྡན་པ་གཞི་གཅིག་ཏུ་འཕེལ་རྒྱས་གཏོང་བར་སྤྱི་འདོམས་སྐུལ་འདེད་བཏང་སྟེ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་བརྟན་དུ་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ས་ཁུལ་ཁག་གིས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཇུས་འགོད་བྱེད་སྐབས། རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་ནས་ངེས་གནས་གནད་སྨིན་བཙལ་ཏེ་འཆར་འགོད་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་དགོས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་དམིགས་ཚད་ཀྱི་ཕྱོགས་སྟོན་དང་གནད་དོན་གྱི་ཕྱོགས་སྟོན་གཅིག་གྱུར་མཐའ་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་འཐབ་ཇུས་ཀྱི་བྱེད་ཐབས་གཏན་འཁེལ་བྱེད་སྐབས་རང་ངོས་ཀྱི་ཁྱད་ཆོས་མངོན་པ་དང་དགེ་མཚན་ཆེ་རིགས་འདོན་རྒྱུར་གཙིགས་ཆེན་བྱེད་དགོས།