ཉེ་ཆར། བོད་ཤར་གྱི་མུ་ཏིག་ཅེས་འབོད་པའི་ཆབ་མདོར“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་བ་རེད། དཔལ་འབར་རྫོང་ནི་བྱེད་སྒོར་ཞུགས་མཁན་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཚུགས་གནས་མཐོ་པོས་འཆར་འགོད་དང་ཚད་གཞི་མཐོ་པོས་ལག་ལེན་བསྟར་ཏེ་གསར་བརྗེའི་ས་བོན་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་ནང་མཉམ་འདྲེས་དང་གསར་བརྗེའི་སྙིང་སྟོབས་དཔྱིད་ཀྱི་སྦྲར་ཆར་ལྟར་གཞི་རིམ་དུ་སིམ་པ་དང་མང་ཚོགས་ཀྱི་སེམས་སུ་གཞི་ཚུགས་པར་བྱས་ཏེ། གཞི་རིམ་གྱི་ཏང་ཡོན་མང་ཚོགས་ཚོས་ཏང་གཅེས་རྒྱལ་གཅེས་དང་ཁྱིམ་གཞིས་མཉམ་སྐྲུན་བྱེད་པའི་ལྷད་མེད་ཀྱི་བརྩེ་བ་འཕེལ་བར་བྱས་པ་རེད།
བརྟག་ཞིབ་གཏིང་ཟབ་དང་སྤྱི་འདོམས་ཞིབ་ཚགས་བྱས་ཏེ་བྱེད་སྒོའི་རྨང་གཞི་བརྟན་དུ་བཏང་བ།
བརྟག་ཞིབ་བྱེད་རིང་། དཔལ་འབར་རྫོང་ཨུད་ཀྱི་ཧྲུའུ་ཅི་ཝུན་ཐའོ་ཡིས་རྟག་ཏུ“མང་ཚོགས་ཀྱི་བློ་ལ་བབས་པའི་བྱེད་སྒོ་ཞིག་སྤེལ་དགོས”ཞེས་ཤོད་ཀྱི་ཡོད། བྱེད་སྒོ་དེ་མང་ཚོགས་ཀྱི་དགོས་མཁོ་དང་གནད་སྨིན་མཐུན་སྦྱོར་ཡོང་བ་བྱ་ཆེད། དཔལ་འབར་རྫོང་གིས“རྫོང་རིམ་པའི་འགོ་ཁྲིད་ཀྱིས་ཤང་འགན་གཙང་ལེན་པ་དང་། ཤང་དང་གྲོང་རྡལ་གྱི་ལས་བྱེད་པས་གྲོང་ཚོ་འགན་གཙང་ལེན་པ། གྲོང་ཚོའི་ལས་བྱེད་པས་དུད་ཚང་འགན་གཙང་ལེན་པ”བཅས་རིམ་གསུམ་འགན་འཁྲིའི་མ་ལག་བཟོས་ནས་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ་དང་གྲོས་མོལ་འདྲི་རྟོག་སོགས་ཀྱི་བྱེད་ཐབས་བརྒྱུད་མང་ཚོགས་ཀྱི་འདོད་བློ་ཤེས་རྟོགས་གཏིང་ཟབ་བྱས་པ་རེད།
ས་སྟེང་ཤང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་གི་དང་བླངས་པས་གྲང་ངར་རླུང་འཚུབ་ལ་མ་འཛེམ་པར་དུད་ཚང་རེ་རེ་བཞིན་དུ་བསྐྱོད་དེ་གཞི་རིམ་མང་ཚོགས་ཀྱིས་སྲོལ་རྒྱུན་གྱི་ལག་ཤེས་འགྲན་བསྡུར་ལ་བསམ་འཆར་དང་གྲོས་འགོ་གང་ཡོད་མེད་སྐད་ཆ་དྲིས་པ་དང་། ལྕགས་གོང་ཤང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་གི་དང་བླངས་པས་ཞིང་ནང་དང་མུ་ཁར་བསྐྱོད་དེ་ཞིང་འབྲོག་མང་ཚོགས་དང་ཅི་འཕྲོས་མོལ་འཕྲོས་ཀྱིས་དེང་རབས་ཀྱི་རྩལ་ནུས་གསོ་སྦྱོང་ལ་བཏོན་པའི་ཁོང་ཚོའི་རེ་བ་ཟིན་ཐོར་བཀོད་པ། མར་ཤོག་ཤང་གི་ལས་དོན་པས་ངང་རྒྱུད་རིང་པོས་མང་ཚོགས་ལ་བྱེད་སྒོའི་ནང་དོན་འགྲེལ་བཤད་བརྒྱབ་ནས་ཚང་མ་དེའི་ནང་ཞུགས་པའི་སྤྲོ་སེམས་འཕེལ་བར་བྱས་པ་རེད།
རྩལ་ནུས་འགྲན་བསྡུར་ཆེན་པོར་ལག་ཤེས་ངོམ་སྟེ་སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ཟབ་མོ་བྱུང་བ།
དཔྱིད་ཀ་ཤར་བ་དང་སྦྲགས་ས་གཞི་དོག་མོ་གཉིད་ལས་སད་ཅིང་། མང་ཚོགས་བྱེད་སྒོར་ཞུགས་པའི་སྤྲོ་སེམས་ཀྱང་ཧ་ཅང་ཆེན་པོ་ཡོད་པ་རེད། སྲོལ་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བའི་ལག་ཤེས་བསྐྱར་འགྲན་བྱ་ཡུལ་དུ་བདམས་ཐོན་པ་95ཡིས་རང་རང་གི་ལག་ཤེས་ངོམ་པ་སྟེ།
མར་ཤོག་ཤང་གི་པད་མ་འོད་ཟེར་གྱིས་ལག་གཉིས་ཀྱིས་རང་འཐག་བསྐོར་ནས་དྲི་ཞིམ་ལྷད་མེད་ཀྱི་རྩམ་པ་བཏག
རྨའུ་ཤང་གི་མེ་ཏོག་ལྷ་མཛེས་ཀྱིས་ཞོ་དཀྲོགས་ནས་ལྟད་མོ་བ་ཚོར་མར་འདོན་སྟངས་ངོམ།
འགྲན་ཞུགས་བདམས་ཐོན་པ་ཚོའི་ལྟད་མོ་ཆེ་བའི་རྩལ་ངོམ་ལ་ལྟད་མོ་བ་ཚོའི་དགའ་བསུ་དང་དགའ་འབོད་ཐོབ་ཡོད། དཔྱད་ཞིབ་ཨུ་ཡོན་ཚོས་བྲོ་བ་ཞིབ་ཕྲ་མྱངས་ཏེ་ཁ་དོག་དང་། བྲོ་བ། ལག་རྩལ་སོགས་ཀྱི་ཐད་ནས་སྐར་མ་བརྒྱབ།
སྔོག་འཕྲུལ་བཀོལ་སྤྱོད་འགྲན་བསྡུར་བྱ་ཡུལ་དུ་འགྲན་ཞུགས་བདམས་ཐོན་པ་29མཉམ་དུ་འཛོམས་ནས་ལྗིད་ཚད་ལ་ཏུན་ཁ་ཤས་ཡོད་པའི་འཕྲུལ་ཆས་ཀྱི་ཁ་ལོ་སྒྱུར་ཏེ“Sདབྱིབས་ཀྱི་ལམ་བུར་འགོག་རྐྱེན་ལས་གཡོལ་བ”སོགས་དཀའ་གནད་ཆེ་བའི་འགྲན་བསྡུར་བྱས་པས་ལྟད་མོ་བ་རྣམས་ཀྱི་དགའ་འབོད་ཡང་ཡང་ཐོབ།
ཚ་ལ་རྒྱག་པའི་འགྲན་བསྡུར་བྱ་ཡུལ་དུ་མེ་སྟག་དམར་ཆིལ་ཆིལ་དུ་འཐོར་བཞིན་ཡོད་ཅིང་། འགྲན་ཞུགས་བདམས་ཐོན་པ་ཚོས་མིག་ཤེལ་བརྒྱབ་པ་དང་ལག་ཏུ་ཚལ་མདའ་འཁྱེར་ཏེ་བློ་རྩེ་གཅིག་སྒྲིམ་གྱིས་ཚ་ལ་རྒྱག་བཞིན་འདུག
བོད་ཟས་བཟོ་བའི་འགྲན་བསྡུར་བྱ་ཡུལ་དུ་ཟས་ཀྱི་དྲི་ཞིམ་འཐུལ་ཞིང་། མ་བྱན་ཆེ་མོ་བ་32ཀྱིས་སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་བྱས་ཏེ་པགས་པ་སྲབ་ལ་ཤ་མང་བའི་ཚགས་ཤའི་ཤ་མོག་དང་སོ་ལོ་ཤ་བརྔོས་དེང་རབས་ཀྱི་སྡེར་གཤོམ་བྱེད་སྟངས་ལྟར་བཤམས་པས། དཔྱད་ཞིབ་ཨུ་ཡོན་ཚོས“འགྲན་བསྡུར་འདི་ནི་ལག་ཤེས་འགྲན་པ་ཙམ་མ་ཟད། གསར་གཏོད་འགྲན་པ་ཞིག་དེ་བས་ཀྱང་རེད”ཅེས་བསྟོད་བསྔགས་བཏང་།
དྲ་ཐོག་དྲ་གཤམ་ནས་ནུས་ཤུགས་བཏོན་ཏེ་འབད་འབུངས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ།
“མགྱོགས་པོ་ལྟོས་དང་། ང་ཚོའི་ཤང་གི་འགྲན་ཞུགས་རུ་ཁག་རེད་འདུག”ཅེས་སྤྱི་གླིང་ཤང་གི་གཞོན་ནུ་ཚོས་ཁ་པར་ལ་ལྟ་བཞིན་དགའ་འབོད་བྱས། བརྙན་ལམ་ནང་ཞིང་འབྲོག་པའི་དཔུང་ཁག་གིས་ལུས་ལ་གཟབ་མཆོར་སྤྲས་ཏེ་བརྗིད་ཉམས་ལྡན་པའི་ཞབས་བྲོའི་སྟངས་སྟབས་སྒྱུར་བ་ལས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་མངོན།
དཔལ་འབར་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་བྱས་ཏེ་འཁྱུག་དབྱིངས་ནས་སྒོར་གཞས་ཀྱི་བསྐྱར་འགྲན་ཐད་གཏོང་བྱས་པས། དྲ་ཐོག་ནས་ལྟད་མོ་བ་ཁྲི་ཁ་ཤས་ཀྱིས་མོས་བསྟོད་བྱས་པ་དང་དཔྱད་གཏམ་སྤེལ་བ་རེད།
དྲ་ཐོག་ཏུ་ཚ་ཚ་འུར་འུར་ཡོད་ལ། དྲ་གཤམ་དུ་དེ་བས་འཁྲུག་ཆ་དོད་པོ་ཡོད་པ་རེད། དཔལ་འབར་གྲོང་རྡལ་གྱི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་གཏམ་བཤད་འགྲན་བསྡུར་བྱ་ཡུལ་དུ“སྔོན་ཆད་སྦྲ་གུར་ནས་ལྷགས་པ་འཛུལ་བ་དང་། ད་ཆ་བདེ་སྡོད་ཁང་པ་ཡངས་ཤིང་རྒྱ་ཆེ་བ་ཡོད། སྔོན་ཆད་སྨན་བཅོས་བྱེད་པར་རྟ་བཞོན་ནས་ཉིན་གསུམ་འགྲོ་དགོས་ཀྱང་། ད་ཆ་གྲོང་ཚོའི་སྨན་པ་འབོད་མ་ཐག་ཡོང་གི་ཡོད”ཅེས་འགྲན་ཞུགས་པས་སྤྱི་སྐད་ཆུ་རྒྱུག་རྒྱུག་གི་ཐོག་ནས་ཕ་ཡུལ་གྱི་འགྱུར་ལྡོག་སྐོར་གླེང་།
བསྡོམས་རྩིས་བརྒྱབ་པར་གཞིགས་ན། དཔལ་འབར་རྫོང་གིས་ཐད་གཏོང་ཐེངས་69བྱས་པར་རིམ་རྩིས་བརྒྱབ་ན་ལྟད་མོ་བ་མི་ཐེངས་ཁྲི་188ཟིན་པ་དང་། དྲ་གཤམ་དུ་འཕྲེད་འགེལ་སྦྱར་ཡིག་828བཀལ་བ་དང་སྒྲོག་འགྲེལ་ཐེངས་749བྱས་པར་མང་ཚོགས་མི་ཐེངས་ཁྲི་5ཙམ་ལ་ཁྱབ་ཡོད་པ་རེད། ཕྱོགས་ཡོངས་དང་ཕྱོགས་བསྡུས་རྣམ་པའི་དྲིལ་བསྒྲགས་བྱེད་སྟངས་འདི་རིགས་ཀྱིས་གསར་བརྗེའི་རིག་གནས་དཔྱིད་ཀྱི་སྦྲང་ཆར་ལྟར་དཔལ་འབར་གྱི་ས་ཕྱོགས་གང་སར་སིམ་སིམ་ཁྱབ་ཡོད།
གྲངས་གཞི་དེ་དག་ནི་དཔལ་འབར་གྱི་ལས་བྱེད་པ་དང་མང་ཚོགས་གོང་བུ་གཅིག་ཏུ་སྒྲིལ་བའི་མཐུན་སྒྲིལ་གྱི་སྙིང་སྟོབས་ཡིན་ལ། སྲོལ་རྒྱུན་རིག་གནས་དང་དེང་རབས་ཤེས་དཔལ་མཉམ་འདྲེས་མཉམ་གནས་ཀྱི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཀྱང་རེད།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)