国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年04月22日

ཀྲོང་ཅིན་སུང་གིས་གྲོང་ཨུད་ཀྱི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་ཀྱི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས“ཞིང་གསུམ”ལས་དོན་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡིག་ཆ་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་“ཞིང་གསུམ”ལས་དོན་གནས་ཚུལ་སྙན་སེང་ལ་གསན་པ། འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བཅས་གནང་ཞིང་། ཁོང་གིས“ཞིང་གསུམ”ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། “ཁྲི་སྟོང་འདུ་འགོད”ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གཏོང་བ། ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བྱེད་པ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་གོམ་སྟབས་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་ཡོད། ཀྲོང་ཅིན་སུང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་“ཞིང་གསུམ”ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་།“ཞིང་གསུམ”ལས་དོན་ཐད་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་གནས་བབ་གསར་པའི་འོག“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བསྐྱོན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཐོག་མཐའ་བར་གསུམ་དུ“ཞིང་གསུམ”ལས་དོན་དེ་གལ་ཆེན་ནང་གི་འགངས་ཆེན་ཞིག་ཏུ་བརྩིས་ཏེ། བོད་ཀྱི“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་སྔར་བས་གཏིང་ཟབ་བཏང་བ་དེས། ང་ཚོས“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པར་ལག་ལེན་གྱི་བླང་བྱ་ཁ་གསལ་བཟོས་པ་དང་མཛུབ་སྟོན་ནུས་ལྡན་མཁོ་འདོན་བྱས་ཡོད། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་ཏན་ཏིག་ངང་མཐོ་རུ་གཏོང་བ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་དང་ལྟ་བསྡུར་ནན་ཏན་བྱས་ཏེ། བསམ་ཕྱོགས་རྒྱུན་ཆད་མེད་པར་གསལ་པོ་བཟོ་བ་དང་སྤྱོད་ཚུལ་ལེགས་སུ་བཏང་ནས་ལས་དོན་དོན་ཐོག་ཏུ་འཁྱོལ་བར་སྐུལ་སྤེལ་ཏན་ཏིག་གཏོང་དགོས་ཞེས་བསྟན།

ཀྲོང་ཅིན་སུང་གིས་འབྲུ་རིགས་བདེ་འཇགས་ལ་དམིགས་ཏེ་སྲོལ་རྒྱུན་གྱི་ཞིང་འབྲོག་ལས་རིགས་ལ་སྲུང་སྐྱོབ་བྱེད་དགོས་ཤིང་། འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་ལ་འགན་འཁྲི་གཅིག་མཚུངས་ཀྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་རྨོ་ཞིང་སྲུང་སྐྱོང་གི་དམར་ཐིག་མཐའ་གཅིག་ཏུ་སྲུང་བ་དང་། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས། ཁྱད་ལྡན་ཐོན་ལས་ལ་དམིགས་ཏེ་དེང་རབས་ཀྱི་ཞིང་འབྲོག་ལས་མཐོར་འདེགས་གཏོང་དགོས་ཤིང་། རྫོང་ཁོངས་ཀྱི་ཐོན་ལས་རྨང་གཞི་ལ་གཞི་ཚུགས་པ་དང་ཐོན་ཁུངས་ཀྱི་ལེགས་ཆ་དང་ས་ཁོངས་ཀྱི་ཁྱད་ལྡན། འཕེལ་རྒྱས་ཀྱི་ནུས་ཤུགས་བཅས་ལ་གཞིགས་ཏེ་ཐོན་ལས་འཆར་འགོད་ཡག་པོ་སྒྲུབ་ནས་ཚད་ལྡན་ཅན་དང་གཞི་ཁྱོན་ཅན། ཚོང་རྟགས་ཅན། ཐོན་ལས་ཅན་གྱི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས། འཆར་འགོད་ཁྲིད་སྟོན་ལ་དམིགས་ཏེ་མཛེས་པའི་ཤང་གྲོང་བསྐྲུན་དགོས་ཤིང་། ཤང་གིས་གྲོང་ཚོ་སྣེ་ཁྲིད་པ་ལ་བརྟེན་ནས་ནུས་རྒྱུ་གཙང་མའི་མཁར་གྲོང་ཆུང་ངུ་དང་། ལྗང་མདོག་གཏེར་ལས་མཁར་གྲོང་ཆུང་ངུ། དེང་རབས་བཟོ་ལས་ཀྱི་མཁར་གྲོང་ཆུང་ངུ། དམར་མདངས་རིག་གནས་ཡུལ་སྐོར་མཁར་གྲོང་ཆུང་ངུ་ཁག་ཅིག་མགྱོགས་མྱུར་ངང་བསྐྲུན་དགོས། སྒྲིག་འཛུགས་ཚད་ལྡན་ལ་དམིགས་ཏེ་མང་ཚོགས་ཀྱི་འབབ་འཕར་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས་ཤིང་། མངོན་གསལ་ཆེ་བའི་རྩལ་ནུས་གསབ་སྦྱོང་དང་། སྒྲིག་འཛུགས་ཅན་གྱི་སྤོ་སྒྱུར། ཆེད་ལས་ཅན་གྱི་ཕྱིར་གཏོང་། དཔེ་སྟོན་ཅན་གྱི་འཛུགས་གཏོད་སྒྲུབ་ནས་ཆབ་མདོའི་ས་གནས་ཀྱི་ཐོན་ལས་བཟོ་པའི་དཔུང་ཁག་དང་། རྣམ་གྲངས་ཨར་ལས་དཔུང་ཁག་ཁག་ཅིག་གཏོད་དེ་མང་ཚོགས་ཀྱི་འབབ་འཕར་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས། རྩ་ལག་མཉམ་བཅོས་རྒྱུན་འཁྱོངས་བྱས་ཏེ་གཞི་རིམ་གྱི་རྨང་གཞི་ཁྱོན་ཡོངས་ནས་བརྟན་དུ་གཏོང་དགོས་ཤིང་། ཁྲིམས་ལྟར་མི་རིགས་ཁག་གི་མང་ཚོགས་ཀྱིས་འགྲིག་སྐྱོན་ཤེས་པ་དང་གཟི་ཁྲེལ་ཤེས་པར་བཅོས་སྐྱོང་དང་ཁྲིད་སྟོན་བྱས་པར་བརྒྱུད་ནས་སྒྲིག་སྲོལ་གྱི་འདུ་ཤེས་འཛུགས་དགོས་པའི་ནན་བཤད་གནང་ཡོད།

(དཔལ་ཐར་རྒྱལ་གྱིས་བསྒྱུར)