འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱ་ཆེད། ཟླ4པའི་ཚེས18ཉིན་གྱི་ཕྱི་དྲོར། ཆབ་མདོ་གྲོང་ཁྱེར་གྱིས་“ཆབ་མདོའི་འཆད་ཁྲིད”སྤེལ་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཆེད་དོན་འཆད་ཁྲིད་བྱས་པ་རེད། འཆད་ཁྲིད་ཐོག་ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)ཡི་དགེ་རྒན་ཆེ་མོ་བ་དང་འབུམ་རམས་ཞིབ་འཇུག་སློབ་མའི་སློབ་དཔོན་ལིས་ཁྲོན་གདན་དྲངས་ཏེ། ཁ་བྱང་ལ“ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལ་སྙིང་རུས་ལྷོད་མེད་ཀྱིས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ནི་ཏང་གི་རང་ངོས་གསར་བརྗེ་མངོན་འགྱུར་བྱེད་པའི་ཆབ་སྲིད་ཀྱི་ལས་འགན་གཟབ་ནན་ཞིག་ཡིན”ཞེས་པའི་ཟུར་ཁྲིད་བྱས་པ་རེད།
དགེ་རྒན་ཆེན་མོ་ལིའུ་ཁྲུན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་བཏོན་པའི་རྒྱབ་ལྗོངས་དང་དོན་སྙིང་གི་སྐོར་ནས་འགོ་བཟུང་སྟེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱིས་ཏང་གི་སྤྱོད་ཚུལ་ལེགས་སྐྱོང་ལ་ཤུགས་སྣོན་དང་། ཏང་དང་མང་ཚོགས་དབར་དང་། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་དམ་དུ་གཏོང་ལུགས་སྐོར་དང་། ཏང་གིས་རང་ངོས་གསར་བརྗེ་བྱེད་པར་སྐུལ་འདེད་གཏོང་ལུགས་བཅས་ཀྱི་ཐད་ལ་ཐོན་པའི་ནུས་པ་གལ་ཆེན་བརྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་གནང་བ་རེད། དཔེའི་ལམ་ནས་སྤྱོད་བཟང་དང་སྒྲིག་ཁྲིམས། འགན་འཁྲི་བཅས་གསལ་འགྲེལ་གནང་ཡོད། དེ་ཡང་འཆད་ཁྲིད་ཀྱི་བརྗོད་བྱ་གཙོ་བོ་མངོན་གསལ་དོད་ལ་ནང་དོན་ཕུན་སུམ་ཚོགས་པ། དོན་ཟབ་ཅིང་གོ་སླ་བ་བཅས་ཡིན་ཏེ། རིག་གཞུང་གི་མཐོ་ཚད་ཡོད་ལ་ལག་ལེན་གྱི་གཏིང་ཚད་ཀྱང་ཡོད་པས། གྲོང་ཁྱེར་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཏེ། ལག་བསྟར་དོན་འཁྱོལ་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་ཤུགས་སྣོན་རྒྱག་པར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་ཡོད།
འཆད་ཁྲིད་དེ་ནི་བརྙན་འཕྲིན་ཁ་པར་ཐོག་ནས་འཚོགས་པ་དང་ཆབ་མདོར་ཚོགས་ར་གཙོ་བོ་དང་།རྫོང་ཆུས་ཁག་ཏུ་ཡན་ལག་ཚོགས་ར་བཙུགས་ཡོད། ཁྱོན་མི865ཙམ་གྱིས་འཆད་ཁྲིད་ལ་གསན་ཡོད་པ་རེད།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)