འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ4ཚེས18ཉིན་གྱི་ཕྱི་དྲོར།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས75པར་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་དང་བཀའ་བཀོད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་གནང་ཞིང་། སྲིད་གཞུང་ཁོངས་གཏོགས་ཀྱི་ལག་བསྟར་དོན་འཁྱོལ་སྐོར་གྱི་བསམ་འཆར་ལ་ཞིབ་འཇུག་གནང་བ་རེད།
ཀྲང་ཅན་ཧྭ་དང་ལུས་གོ་ཅན་སོགས་ཚོགས་འདུར་ཞུགས་ཡོད།
ཚོགས་འདུའི་ཐོག་ཆབ་མདོ་གྲོང་ཁྱེར་གྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་དུས་མཚམས་རང་བཞིན་ལས་དོན་སྤེལ་ཚུལ་གྱི་སྙན་ཞུར་གསན་ནས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་གོ་བ་གཏིང་ཟབ་ལེན་ཅིང་ཁྲིམས་སྐྱོང་འཛུགས་སྐྱོང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་གཉིས་མཉམ་དུ་བཀོད་སྒྲིག་དང་སྐུལ་འདེད་གཏོང་དགོས་ཤིང་། དམིགས་སའི་རང་བཞིན་ལྡན་པའི་བྱེད་ཐབས་སྤྱད་དེ། སྡེ་ཁག་དབར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་སྐྱོང་ཁྱབ་གདལ་དང་རྩོད་གཞི་འདུམ་འགྲིག་བྱེད་པའི་ལམ་སྲོལ་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ་དང་། ལས་ཀའི་སྤུས་འབྲས་ཆེ་རུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་དག་གོང་འཕེལ་ཡོང་བར་ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་ཞེས་ནན་བཤད་གནང་ཡོད།
ཚོགས་འདུའི་ཐོག་གྲོང་ཁྱེར་ཡོངས་ཀྱི་དམངས་སྲིད་ལས་དོན་སྐོར་གྱི་སྙན་ཞུར་གསན་ནས། དམངས་སྲིད་ལས་དོན་གྱིས་མང་ཚོགས་དང་ཐད་ཀར་འབྲེལ་བ་བྱེད་རྒྱུ་ནི་ང་ཚོའི་ཏང་གི་སྲིད་སྐྱོང་རྨང་གཞིའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་བྱེད་ཀྱི་འགག་རྩའི་ཁྱབ་ཁོངས་ཤིག་ཀྱང་རེད། འབྲེལ་ཡོད་སྡེ་ཚན་ཁག་དང་ལྷག་པར་དུ་དམངས་སྲིད་སྡེ་ཚན་གྱིས་སྲིད་ཇུས་ཁོང་དུ་ཆུད་པ་དང་སྲིད་ཇུས་ལ་དབྱེ་ཞིབ་ཡག་པོར་བྱས་ཏེ་སྲིད་ཇུས་དམངས་ཕན་གྱི“མཐའ་མའི་འགག་གནད”ཏན་ཏིག་སེལ་དགོས་པ་དང་ལམ་ལུགས་ལག་བསྟར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། འགུལ་རྣམ་ལེགས་སྒྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དམངས་སྲིད་ལས་དོན་ཚད་ལྡན་ཅན་དང་ཕུགས་ཕན་ཅན་གྱི་འཕེལ་རྒྱས་འགན་ལེན་བྱེད་དགོས། དམངས་སྲིད་ཞབས་ཞུའི་ལས་ཀ་གཞི་རིམ་གྱི་འཐབ་ས་དང་པོར་སྤེལ་ཏེ་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་ཆེ་རུ་གཏོང་དགོས་ཤིང་། རང་འགུལ་ངང་རང་སྐྱོང་ལྗོངས་དང་སྡེ་ཚན་ཁག་ལ་འབྲེལ་གཏུག་མཐུན་སྦྱོར་བྱས་ཏེ་ནུས་ཆེའི་མཉམ་ལས་དང་ཞབས་འདེགས་མ་ཞུས་གོང་གི་ལས་དོན་སྒྲུབ་སྟངས་ཤིག་གཏོད་དགོས་ཞེས་བསྟན་ཡོད།
ཚོགས་འདུའི་ཐོག་འབྲེལ་ཡོད་གྲོས་དོན་ལ་ཞིབ་འཇུག་བྱས་ཤིང་རབས་གསར་པའི་ཐད་གཏོང་སྲུང་སྐར“དུད་ཚང་ཀུན་ཁྱབ”ཀྱི་འཕྲིན་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གང་མགྱོགས་གཏོང་བ་དང་། གཉེར་སྐྱོང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ།ལེ་ཚན་གྱི་ནང་དོན་ལེགས་སུ་གཏོང་བ་བཅས་བྱས་ཏེ་ཏང་གི་གསུང་སྒྲ་གཞི་རིམ་མང་ཚོགས་ཀྱི་ཁྲོད་དུ་བརྒྱུད་བསྒྲགས་ཏན་ཏིག་བྱ་དགོས་ལ། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་སྤྱི་ཡོངས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། རིག་གནས་གསར་གཏོད་ཀྱི་ཐོན་རྫས་ཧུར་ཐག་འདོན་པ། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་སྤེལ་རེས་གཞི་གྲངས་རིག་མཛོད་འཛུགས་པ། ཆ་འཕྲིན་མཉམ་སྤྱོད་དང་ཐོན་ཁུངས་འབྲེལ་མཐུད་ཐུབ་པ་བཅས་བྱེད་དགོས། དེ་བཞིན་གཞུང་བཙུགས་སྨན་ཁང་གི་བསྒྱུར་བཅོས་དང་སྤུས་དག་གོང་འཕེལ་གྱི་དཔེ་སྟོན་རྣམ་གྲངས་ལག་བསྟར་མགྱོགས་སུ་གཏོང་བ་དང་། གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་ཞབས་ཞུའི་སྤུས་ཚད་དང་ལས་ཕྱོད་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་བདེ་ཐང་འགན་ལེན་བྱེད་དགོས། རྩིས་བཤེར་རྣམ་གྲངས་ལག་བསྟར་དང་མ་དངུལ་བེད་སྤྱོད་བྱ་རྒྱུར་རྗེས་སྙེག་སྔར་ལས་ལྷག་པར་བྱས་ཏེ་མ་དངུལ་གྱི་ཕན་འབྲས་འདོན་སྤེལ་ཏན་ཏིག་བྱེད་དགོས་ཞེས་ནན་བཤད་གནང་ཡོད།
ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་གནང་བ་རེད།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)