འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ4ཚེས17ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཀྲུང་གོའི་རྫས་འགྱུར་སྐྱེ་ཁམས་ཁོར་ཡུག་ཚད་ཡོད་ཀུང་སིའི་སྤྱི་གཉེར་གཞོན་པ་ཁྲེང་ཅན་ཅུན་སོགས་དང་བཞུགས་མོལ་གནང་བ་རེད།
ཀྲོང་ཅིན་སུང་གིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ཁྲེང་ཅན་ཅུན་སོགས་ལ་དགའ་བསུ་ཞུས་ཤིང་། ཀྲུང་གོའི་རྫས་འགྱུར་སྐྱེ་ཁམས་ཁོར་ཡུག་ཚད་ཡོད་ཀུང་སི་ཆབ་མདོར་རྟོག་ཞིབ་ཕེབས་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་མིག་སྔར་ཆབ་མདོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་།“དོན་ཆེན་བཞིར”དམིགས་པ།“འཛུགས་གཏོད་བཞིར”དམིགས་པ།“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་འཛུགས་སྐྲུན”ལས་ཀའི་དམིགས་ཚད་ལ་དམིགས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོའི་ལག་ལེན་གྱི་ལེའུ་གསར་པ་རྩོམ་པའི་ཁྲོད་བྱས་རྗེས་གསར་པ་ཧུར་ཐག་འཇོག་པ་བཅས་བྱས་ཏེ། བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་དག་གོང་འཕེལ་ལ་ཞབས་ཞུ་དང་འགན་ལེན། འདེགས་སྐྱོར་བཅས་བྱེད་བཞིན་ཡོད། ཆབ་མདོས་བསྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་འདིར་ཁྲེང་ཅན་ཅུན་སོགས་ཆབ་མདོར་རྟོག་ཞིབ་དང་ངོ་འཕྲད་གྲོས་མོལ་མཉམ་ལས་གནང་བར་ཕེབས་པ་དེའི་ཐོག་ནས་ཀྲུང་གོའི་རྫས་འགྱུར་སྐྱེ་ཁམས་ཁོར་ཡུག་ཚད་ཡོད་ཀུང་སིའི་ཚད་མཐོའི་ཆབ་སྲིད་ཀྱི་ཚུགས་གནས་དང་འགན་འཁྲི་འཁུར་སེམས་གང་ལེགས་མཚོན་ཐུབ་ཅེས་བསྟན།
ཀྲོང་ཅིན་སུང་གིས་ཆབ་མདོ་ནི་ཐོན་ཁུངས་ཕུན་སུམ་ཚོགས་པའི“གཙང་གསུམ་གནས་མཆོག”ཡིན་པ་དང་། ཁམས་པའི་ལོ་རྒྱུས་རིག་གནས་ཀྱི་རྒྱུན་རིང་ལ་རང་བྱུང་ཁོར་ཡུག་མཛེས་ཤིང་ལྟ་ན་སྡུག་པ། གཏེར་རྫས་དང་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་བོད་ཀྱི་སྤྱི་ཡོངས་ནང་འཐབ་ཇུས་ཀྱི་གནས་བབ་གལ་ཆེན་བཟུང་ཡོད། ཀྲུང་གོའི་རྫས་འགྱུར་སྐྱེ་ཁམས་ཁོར་ཡུག་ཚད་ཡོད་ཀུང་སི་ཡིས་ཀྲུང་གོའི་རྫས་འགྱུར་ལས་གྲྭ་ཚོགས་པའི“འབྱུང་འཕྲོད་ཁོར་ཡུག་སྲུང་སྐྱོང”གི་ལྟེ་བའི་འཐབ་ཇུས་དོན་འཁྱོལ་བྱེད་བཞིན་ཡོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ནུས་རྒྱུ་གསར་པ་སོགས་ཀྱི་ཁྱབ་ཁོངས་སུ་མ་རྩ་འཇོག་པ་དང་འཛུགས་སྐྲུན་གཉེར་སྐྱོང་། དོ་དམ་བཅས་ཀྱི་ནུས་པ་ཆེན་པོ་ལྡན་པས། ཀྲུང་གོའི་རྫས་འགྱུར་སྐྱེ་ཁམས་ཁོར་ཡུག་ཚད་ཡོད་ཀུང་སིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་གྲོང་ཁྱེར་གྱི་སྲ་གཟུགས་བེད་མེད་དངོས་པོ་དང་བཙོག་ཆུ་གཙང་གསིང་དང་། གཏེར་སྙིགས་གཙང་སེལ། ནུས་རྒྱུ་གསར་པ་གསར་སྤེལ་བཅས་ཀྱི་ཁྲོད་སྤེལ་རེས་མཉམ་ལས་གཏིང་ཟབ་བྱས་ཏེ་ཚན་ཞིབ་དང་དངོས་ཚན་ལས་གཞི་དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུར་ཇུས་འགོད་བྱས་ནས་ཆབ་མདོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་རམ་འདེགས་བྱ་རྒྱུའི་རེ་བ་ཡོད་ལ། ཆབ་མདོས་ཀྱང་ཚོང་གཉེར་ཁོར་ཡུག་རྩེ་གྲ་རྒྱུན་མཐུད་ངང་བསྐྲུན་ནས་ཁེ་ལས་ཀྱིས་ཆབ་མདོར་འཕེལ་རྒྱས་གཏོང་བར་སྤུས་ལེགས་ཀྱི་ལས་སྟེགས་བཏོད་དེ་ཆ་རྐྱེན་བཟང་པོ་སྐྲུན་རྒྱུ་ཡིན་ཞེས་ནན་བཤད་གནང་ཡོད།
ཁྲེང་ཅན་ཅུན་གྱིས་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཀུང་སིར་ཐུགས་ཁུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཀྲུང་གོའི་རྫས་འགྱུར་སྐྱེ་ཁམས་ཁོར་ཡུག་ཚད་ཡོད་ཀུང་སིས་ཆབ་མདོར་ལས་སྒོ་སྤེལ་ཚུལ་ངོ་སྤྲོད་མདོར་བསྡུས་གནང་བ་རེད། ཁོང་གིས་ཀུང་སིས་ཆབ་མདོ་གྲོང་ཁྱེར་གྱི་འཕེལ་རྒྱས་ཐད་ལ་ཡིད་ཆེས་ཆེན་པོ་ཡོད་པས་ཀྲུང་དབྱང་ཁེ་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཐུན་ཆ་གནད་ལ་འཁེལ་བའི་སྒོ་ནས་འཚོལ་བ་དང་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ། མཉམ་ལས་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། ཐོན་ལས་བཀོད་སྒྲིག་བྱེད་མགྱོགས་སུ་གཏོང་བ། ལས་གཞི་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་དག་གོང་འཕེལ་དོན་དུ་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)