འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ4པའི་ཚེས17ཉིན་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཀྲུང་གོ་དམངས་འཚོ་དངུལ་ཁང་ལྷ་སའི་ཡན་ལག་དངུལ་ཁང་གི་ཏང་ཨུད་ཧྲུའུ་ཅི་ཧང་ཀྲང་ཝང་ཧྲི་ཆིན་དང་བཅས་པར་བཞུགས་མོལ་གནང་བ་རེད།
ཝུའུ་དབྱིང་ཧའེ་བཞུགས་མོལ་ནང་ཞུགས་ཡོད།
ཀྲོང་ཅིན་སུང་གིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཚབ་ཞུས་ནས་ཝང་ཧྲི་ཆིན་དང་བཅས་པར་དགའ་བསུ་ཞུས་པ་དང་། ཀྲུང་གོ་དམངས་འཚོ་དངུལ་ཁང་ལྷ་སའི་ཡན་ལག་དངུལ་ཁང་གིས་དུས་ཡུན་རིང་པོའི་ནང་ཆབ་མདོའི་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཉེ་བའི་ལོ་ཤས་རིང་། ཆབ་མདོས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ། སྤྱི་ཡོངས་ཀྱི་དགོས་མཁོ་དང་། ཆབ་མདོའི་ལྕོགས་ཚོད། འབྱུང་འགྱུར་གྱི་འདོད་བློ་བཅས་ལ་དམིགས་ནས“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་པའི་དཔེ་སྟོན་གྲོང་ཁྱེར་ཞིག་བསྐྲུན་རྒྱུའི”དམིགས་ཚད་འོས་འགན་ཁ་གསལ་བཏོན་པ་དང་། དཔའ་ངར་ཆེན་པོས“འཛུགས་གཏོད་བཞི”“མདུན་གྲལ་དུ་སླེབས་པ་བཞིའི”སྔོན་སྐྱོད་དཔུང་ཁག་དང་གདོང་ལེན་དམག་མི་ཞིག་བརྩོན་ལེན་བྱེད་པའི་ལས་དོན་འབོད་སྐུལ་བཏང་བའི་ཁར། ནུས་རྒྱུ་གཙང་མ་དང་། ལྗང་མདོག་གཏེར་ལས། རིག་གནས་ཡུལ་སྐོར་བཅས་ཀྱིས་ཁྲིད་སྟོན་དུ་བཟུང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། གནམ་ས་གཞི་གཅིག་གི་འགྲིམ་འགྲུལ་འགག་རྩ་འདེགས་སྐྱོར་དུ་བྱས་ཏེ་ཆབ་མདོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཚན་རིག་ལྟར་གྱི་ལམ་ཕྱོགས་དང་གཙོ་རྒོལ་ཁ་ཕྱོགས་སྔར་བས་ཁ་གསལ་བཏང་བ་དེས། རྒྱ་ཆེའི་ཁེ་ལས་པ་ཆབ་མདོར་མ་འཇོག་ལས་དར་དང་གྲོས་མོལ་མཉམ་ལས་ཡོང་བར་སྟེགས་བུ་དང་གོ་སྐབས་རྒྱ་ཆེན་པོ་ཞིག་མཁོ་འདོན་བྱས་ཡོད་ཞེས་གསུངས།
ཀྲོང་ཅིན་སུང་གིས་ཀྲུང་གོ་དམངས་འཚོ་དངུལ་ཁང་ལྷ་སའི་ཡན་ལག་དངུལ་ཁང་ནི་བོད་ཀྱི་རྒྱལ་ཡོངས་རང་བཞིན་གྱི་མ་རྐང་ལམ་ལུགས་ཀྱི་ཚོང་ལས་དངུལ་ཁང་དང་པོ་ཡིན་པའི་ངོས་ནས་ཐོག་མཐའ་བར་གསུམ་དུ“ས་མཐོར་གཞི་ཚུགས་ནས་བོད་ལ་ཞབས་འདེགས་ཞུ་བའི”དད་སེམས་བརྟན་པོ་རྒྱུན་འཁྱོངས་བྱས་ཏེ་སྤུས་ཚད་མཐོ་བའི་དངུལ་རྩའི་ཞབས་ཞུ་ཡིས་ཆབ་མདོའི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅིང་། ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་དངུལ་རྩའི་ཁེ་ལས་ཀྱི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད་པས། ཀྲུང་གོ་དམངས་འཚོ་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གིས་ཆབ་མདོའི་ལས་དོན་ལ་སྔར་བཞིན་རྒྱབ་སྐྱོར་དང་ཆབ་མདོའི་སྤུས་དག་གོང་འཕེལ་གྱི་དགོས་མཁོར་གཞི་ཚུགས་པ། ལས་རིགས་ཀྱི་ཐོན་ཁུངས་ལེགས་ཆ་འདོན་སྤེལ་གྱིས་དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་གསར་གཏོད་འཚོལ་ཞིབ་བཅས་བྱས་ཏེ་ཆབ་མདོར་དེ་བས་འཐུས་ཚང་བའི་དངུལ་རྩའི་ཞབས་ཞུ་མཁོ་འདོན་བྱས་ནས་མཉམ་ལས་ཁྱབ་ཁོངས་རྒྱུན་མཐུད་ངང་རྒྱ་ཆེར་གཏོང་བ་དང་མཉམ་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བའི་རེ་བ་ཡོད་ལ། ཆབ་མདོས་ཀྲུང་གོའི་དམངས་འཚོ་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་དང་མཉམ་དུ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ནས་ཚོང་གཉེར་ཁོར་ཡུག་རྩེ་གྲ་གཏོད་དེ་ཁེ་ལས་རྣམས་བློ་བདེ་བག་ཕེབས་ངང་མ་འཇོག་ཚོང་གཉེར་དང་འཕེལ་རྒྱས་དོན་གཉེར་བྱེད་འདོད་ཡོད་ཞེས་ནན་བཤད་གནང་བ་རེད།
ཝང་ཧྲི་ཆིན་གྱིས་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཀྲུང་གོ་དམངས་འཚོ་དངུལ་ཁང་ལྷ་སའི་ཡན་ལག་དངུལ་ཁང་གི་འཕེལ་རྒྱས་ལ་ཐུགས་ཁུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་ཡོད། ཁོང་གིས་ཀྲུང་གོའི་དམངས་འཚོ་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རང་ངོས་ཀྱི་འཕེལ་རྒྱས་འཆར་འགོད་ལ་གཞི་ཚུགས་པ། ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་སྦྲེལ་མཐུད་གཏིང་ཟབ་བྱེད་པ། གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པ་དང་། དངུལ་རྩའི་ཞབས་ཞུ་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ལས་གཞི་ཇུས་འགོད་འཛུགས་སྐྲུན་ནང་ཞུགས་པ་སོགས་ཀྱི་ཐད་ཆབ་མདོ་དང་མཉམ་ལས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་དག་གོང་འཕེལ་ལ་རམ་འདེགས་བྱ་རྒྱུ་ཡིན་ཞེས་གསུངས།
(དཔལ་ཐར་རྒྱལ་གྱིས་བསྒྱུར)