国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年04月18日

ཀྲོང་ཅིན་སུང་གིས་གྲོང་ཁྱེར་ནོར་སྲིད་ཅུས་སུ་རྟོག་ཞིབ་གནང་སྐབས་ནན་བཤད་གནང་དོན།

ནོར་སྲིད་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཧུར་བརྩོན་གྱི་ནོར་སྲིད་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཏེ། ཆབ་མདོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ནོར་སྲིད་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས།

ཀྲོང་ཅིན་སུང་གིས་ནོར་སྲིད་ཅུས་སུ་རྟོག་ཞིབ་གནང་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ4པའི་ཚེས14ཉིན་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གྲོང་ཁྱེར་ནོར་སྲིད་ཅུས་སུ་ཕེབས་ཏེ་རྟོག་ཞིབ་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་དང་ནོར་དཔལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། གྲོང་ཁྱེར་ཡོངས་ཀྱི་ལྟེ་བའི་ལས་དོན་དང་འཕེལ་རྒྱས་ཀྱི་བཀོད་པའི་མཐའ་འཁོར་དུ་ནོར་སྲིད་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཧུར་བརྩོན་གྱི་ནོར་སྲིད་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཏེ། ཆབ་མདོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ནོར་སྲིད་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་ཡོད།

ཀྲོང་ཅིན་སུང་སྔ་རྗེས་སུ་སྔོན་རྩིས་དང་། རྒྱལ་མཛོད། སྲིད་འཛིན་སྲིད་ཁྲིམས། སྤྱི་ཚོགས་འགན་སྲུང་། དཔལ་འབྱོར་འཛུགས་སྐྲུན། ཕྱོགས་བསྡུས་ཁའོ་སོགས་སུ་ཕེབས་ཏེ་ཚང་མའི་ལས་དོན་དང་འཚོ་བའི་གནས་ཚུལ་ལ་བྱམས་བརྩེའི་ངང་འདྲི་རྟོག་དང་། མི་སྣ་བཀོད་སྒྲིག་དང་ལས་སྒོ་གནས་ཚུལ་ལ་མཁྱེན་རྟོགས་བྱས་པའི་ཁར། 2024ལོའི་གྲོང་ཁྱེར་ཡོངས་ཀྱི་ནོར་སྲིད་ལས་དོན་གྲུབ་འབྲས་དང2025ལོའི་ནོར་སྲིད་སྔོན་རྩིས་གནས་ཚུལ་ལ་གསན་ཡོད།

ཁོང་གིས་ཉེ་བའི་ལོ་ཤས་རིང་། གྲོང་ཁྱེར་ཡོངས་ཀྱི་ནོར་སྲིད་ཚན་པས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་པས། ནོར་སྲིད་འཁོར་སྐྱོད་གཏན་འཇགས་བྱུང་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་སྟོབས་ཤུགས་བརྟན་པོ་འགན་ལེན་ཐུབ་པ། དོ་དམ་ཞབས་ཞུའི་ཕན་འབྲས་རྒྱུན་བསྲིང་ཆེ་རུ་ཕྱིན་པ་བཅས་བྱུང་ནས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གཏན་འཇགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་བསྟན།

ཀྲོང་ཅིན་སུང་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་དགོས་ཤིང་། ནོར་སྲིད་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁྲོད་ནུས་པ་གལ་ཆེན་ཐོན་ཡོད་པ་ངོས་འཛིན་གཏིང་ཟབ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་དེ་ནོར་སྲིད་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་། རང་སྐྱོང་ལྗོངས་ཏང་ཨུད། གྲོང་ཨུད་བཅས་ཀྱི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་དང་། ཏང་དང་མི་དམངས་ཀྱི་རང་ཁྱིམ་གྱི་རྒྱུ་ནོར་དོ་དམ་གྱི་ཆབ་སྲིད་ཀྱི་འགན་འཁྲི་ཆེན་པོ་སྔར་ལས་འཁུར་ཕོད་པ་བྱེད་དགོས། ལས་དོན་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་དགོས་ཤིང་། རང་འགུལ་ཐོག་ནོར་སྲིད་ལས་དོན་དེ་གྲོང་ཁྱེར་ཡོངས་ཀྱི་ལས་དོན་ཁྱོན་ཡོངས་ནང་བཞག་ནས་བསམ་གཞིག་ཡང་ཡང་གཏོང་བ་དང་། བརྒྱུད་རིམ་ལྡན་པའི་སྒོ་ནས་ཞིབ་འཇུག འཆར་འགོད་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ནོར་སྲིད་ཀྱི་འགན་ནུས་འདོན་སྤེལ་ཧུར་ཐག་བྱས་ནས་ནོར་སྲིད་ཀྱི་ཞབས་ཞུ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་རང་འགུལ་རང་བཞིན་དང་ཕན་འབྲས་རང་བཞིན་ཆེ་རུ་ཏན་ཏིག་གཏོང་དགོས། ཏང་གི་འཛུགས་སྐྱོང་ལ་ཏན་ཏིག་ཤུགས་སྣོན་རྒྱག་དགོས་ཤིང་། ཏང་གིས་ནོར་སྲིད་ལས་དོན་གྱི་ཁྱོན་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ནོར་སྲིད་ལས་དོན་གྱི་ཐོག་མཐའ་བར་གསུམ་དུ་མཐའ་གཅིག་ཏུ་ཁྱབ་པར་བྱེད་པ་དང་། སྲོལ་བཟང་གཞུང་དྲང་དང་ལས་སྒྲུབ་ལས་གཏོད་ཀྱི་ཁོར་ཡུག་ཅིག་བསྐྲུན་ནས་ནོར་སྲིད་ལས་བྱེད་པའི་ལས་སྒྲུབ་སྙིང་སྟོབས་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་ཡོད།

ཝུའུ་དབྱིང་ཧའེ་དང་། ཅཱ་ཤིན་ཡུས་ཞུགས་ཡོད།

(དཔལ་ཐར་རྒྱལ་གྱིས་བསྒྱུར)