འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ4པའི་ཚེས12ཉིན། ཆབ་མདོ་གྲོང་ཁྱེར་གྱི“སྤྲོ་སྤྲོ་ཁམས་པ་བུམ་པའི”མི་དགུའི་གཟའ་མཇུག་ལས་ཞོར་རྐང་གྲུག་འགྲན་སྡུར་ཐོག་མ་དེ་ཅིན་ཆབ་ལུས་རྩལ་ཐང་དུ་སྤེལ་འགོ་ཚུགས་ཤིང་། ད་ཐེངས་ཀྱི་འགྲན་སྡུར་སྤེལ་བའི་དམིགས་ཡུལ་ནི་ལས་བྱེད་པ་དང་མང་ཚོགས་ཀྱི་ལུས་སྦྱོང་འགུལ་སྐྱོད་ནང་ཞུགས་པའི་སྤྲོ་སེམས་འཕེལ་བར་བྱས་ཏེ། “བདེ་ཐང་བོད་ལྗོངས”བསྐྲུན་ཆེད་སྒུལ་ཤུགས་དྲག་པོ་ཞིག་སྦྱིན་རྒྱུ་དེ་ཡིན་པ་རེད།
ཐེངས་འདིའི་རིམ་མཚུངས་མཉམ་འགྲན་དེ“སྤྲོ་སྤྲོ་ཁམས་པའི་བུམ་པའི”རིམ་མཚུངས་མཉམ་འགྲན་སྒྲིག་འཛུགས་ཨུ་ལྷན་གྱིས་ཇུས་འགོད་ཞིབ་ཚགས་དང་གཙོ་གཉེར་བྱས་པ་ཞིག་ཡིན། འགྲན་སྡུར་དུས་ཡུན་ནི་གཟའ་འཁོར7ཡིན་ཞིང་གཟའ་མཇུག་རེ་རེར་ཅིན་ཆབ་ལུས་རྩལ་ཐང་དུ་སྤེལ་རྒྱུ་ཡིན་པ་རེད། འགྲན་སྡུར་ནང་ཞུགས་མཁན་ལོ35དང་ལོ35ཡན་ཡིན་པ་དང་། ཆབ་མདོ་གྲོང་ཁྱེར་དང་དེ་བཞིན་མཐའ་འཁོར་གྱི་ས་ཁུལ་གྱི་སྟོབས་ཤུགས་ཆེ་བའི་ལས་ཞོར་སྤོ་ལོ་རུ་ཁག8ཀྱིས་འགྲན་སྡུར་ནང་ཞུགས་པའི་མིང་ཐོ་བཀོད་ཡོད། འགྲན་སྡུར་ནང་ཞུགས་པའི་སྤོ་ལོ་རྒྱག་མཁན་མི120ལས་བརྒལ་བ་དང་ཁོ་ཚོ་ནི་རྐང་རྩེད་སྤོ་ལོ་ལ་དགའ་བ་ཆེ་བའི་ལས་ཞོར་བདམས་ཐོན་པ་ཁོ་ན་རེད།
རེས་སྐོར་དང་པོའི་ཚོགས་ཆུང་འགྲན་སྡུར་ནང་། ཁ་བའི་མེ་ཏོག་མཛའ་གྲོགས་རུ་ཁག་དང་ས་མཐོའི་བྱ་རྒོད་རུ་ཁག་སོགས་དཔུང་ཁག་གིས་ངོ་མཚར་ཆེ་བའི་འགྲན་སྡུར་བྱས་པས་མཐོང་བ་ཙམ་གྱིས་མི་རྣམས་ཀྱི་ཡིད་དབང་འཕྲོག་པ་རེད། ད་ཐེངས་ཀྱི་འགྲན་སྡུར་ནང་ས་གནས་རིག་གནས་ཀྱི་གཞི་རྒྱུ་ཐབས་མཁས་ངང་མཉམ་འདྲེས་བྱས་ནས“མཛེས་པའི་ཁམས་པ། སྐྱིད་པའི་བོད་ལྗོངས”ཞེས་པའི་གཏིང་ཟབ་པའི་རིག་གནས་ཀྱི་རྨང་གཞི་དང་ཡིད་ཆེས་ཀྱི་ཉམས་འགྱུར་ཕྱོགས་ཡོངས་ནས་མངོན་པར་བྱས་པ་རེད།
འགྲན་སྡུར་གྱི་ཤུགས་རྐྱེན་ཆེ་རུ་གཏོང་ཆེད། སྒྲིག་འཛུགས་ཨུ་ལྷན་གྱིས་འཕྲིན་ཕྲན་འཕྲིན་སྟེགས་དང་ཁྱུག་དབྱིངས་བརྙན་ཐུང་སོགས་ཐབས་ལམ་བརྒྱུད་ནས་གཙོ་གནད་འགྲན་སྡུར་དག་ཐད་གཏོང་བྱས་པ་དང་། དུས་མཚུངས་སུ་དྲ་འོག་ནས་སྡེ་ཁུལ་དུ་དྲིལ་བསྒྲགས་བརྡ་ཁྱབ་སྦྱར་བ་དང་། སྦྱར་ཚིག་བཀལ་བས་དྲ་ཐོག་དང་དྲ་འོག་མཉམ་འགུལ་གྱི་ལངས་གཟུགས་ཅན་གྱི་དྲིལ་བསྒྲགས་རྣམ་པ་ཞིག་ཆགས་ཡོད་པ་རེད། སྤྲོ་སེམས་དང་རིག་གནས་ཀྱི་ཉམས་འགྱུར་གྱིས་ཁེངས་པའི་རྐང་རྩེད་སྤོ་ལོའི་སྟོན་མོ་ལས། གངས་ལྗོངས་ས་མཐོར་གསོན་ཤུགས་ཆེན་པོ་དང་མཐུན་སྒྲིལ་འབད་འཐབ་ཀྱི་དྲང་ནུས་སྦྱིན་པས་རྐང་རྩེད་སྤོ་ལོའི་འགྲན་སྡུར་དེ་གནས་དེའི་ཡུལ་ལྗོངས་མཛེས་པོ་ཞིག་ཏུ་གྱུར་ཡོད་པ་རེད།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)