国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年04月15日

ཀྲོང་ཅིན་སུང་གིས་ས་ཁུལ་རིམ་པའི་འགོ་ཁྲིད་ལས་བྱེད་དག་གི་སྣེ་ཁྲིད་དེ་སྲིད་གཙང་ཉེན་ཟོན་སློབ་གསོ་དང་ལེན་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ4པའི་ཚེས10ཉིན་གྱི་སྔ་དྲོར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ས་ཁུལ་རིམ་པའི་འགོ་ཁྲིད་ལས་བྱེད་དག་གི་སྣེ་ཁྲིད་དེ་ཆབ་མདོ་གྲོང་ཁྱེར་སྲིད་གཙང་སློབ་གསོའི་རྟེན་གཞི་ཕེབས་ཏེ་ས་གནས་ས་ཐོག་ཏུ་ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ཀྱི་སློབ་གསོ་དང་ལེན་གནང་ཞིང་། ཁོང་གིས་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། གྱོད་དཔེ་མེ་ལོང་དུ་འཛིན་པ་དང་གྱོད་འདྲེན་ལེགས་བཅོས་བཅས་བྱས་ཏེ། ཆབ་སྲིད་ཀྱི་ངེས་ཤུགས་དང་། སྒྲིག་ཁྲིམས་ཀྱི་ངེས་ཤུགས།

ཀུན་སྤྱོད་ཀྱི་ངེས་ཤུགས། རུལ་འགོག་གི་ངེས་ཤུགས་བཅས་ཟམ་མི་ཆད་པར་ཆེ་རུ་ཏན་ཏིག་གཏོང་བའི་ཁར། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བར་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་ཤིག་ཧུར་ཐག་བསྐྲུན་དགོས་པའི་ནན་བཤད་གནང་ཡོད།

འགྲེལ་བཤད་མཁན་གྱི་ཁྲིད་སྟོན་འོག་ཚང་མ་“གནའ་བོའི་སྤྱོད་གཙང་རིག་གནས་”དང་། “ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ།”“ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གྱོད་དཔེ་”བཅས་ཀྱི་ཉེན་ཟོན་སློབ་གསོའི་འགྲེམས་སྟོན་ལ་ཐུན་མོང་ཐོག་ལྟ་སྐོར་བྱས་པ་དང་། ཉེན་ཟོན་སློབ་གསོའི་གློག་བརྙན《མུ་མཐུད་ཤུགས་སྣོན་བརྒྱབ་ནས་སྐུལ་འདེད་གཏིང་ཟབ་གཏོང་དགོས》ཞེས་པར་གཟིགས་པ་རེད། མཐོང་བ་ཙམ་གྱིས་ཧ་ལས་དགོས་པའི་གྱོད་དཔེ་རེ་རེ་དང་། མི་རྣམས་ཀྱིས་བསམ་བློ་གཏིང་ཟབ་གཏོང་དགོས་པའི་ཡིག་ཕྲེང་རེ་རེ། སེམས་ཀྱི་གཏིང་དུ་གནར་བའི་འགྱོད་བཤགས་རེ་རེ་བཅས་ལས་ཚང་མར་སློབ་གསོ་དང་ཧང་སངས་སུ་བཅུག་པ་མ་ཟད་རུལ་རྒོལ་གཙང་སྤེལ་ལས་དོན་གྱི་དགོས་ངེས་རང་བཞིན་དང་གལ་ཆེའི་རང་བཞིན་དངོས་གནས་མྱོང་ཚོར་ཐུབ་པ་བྱུང་ཡོད།

ཀྲོང་ཅིན་སུང་གིས་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་ཡུན་རིང་ལ་དོ་དམ་བྱེད་པའི་ལྕགས་ལྟ་བུའི་སྒྲིག་ལམ་དང་། སྲ་ཞིང་བརྟན་པའི་འདེགས་ཤིང་ཡིན་པར་ངོས་འཛིན་གཏིང་ཟབ་བྱས་ནས་ཚད་གཞི་ནན་པོ་དང་བླང་བྱ་ནན་པོར་བརྟེན་ཏེ་རང་ངོས་བཅོས་སྐྱོང་བྱེད་པ་དང་དུས་དང་རྣམ་པ་ཀུན་ཏུ་གཡང་སར་ལྷུང་ཉེན་ཡོད་པ་དང་འཁྱགས་སྲབ་ཐོག་འགྲོ་བ་ལྟར་གྱི་དོགས་ཟོན་ཡོད་དགོས་པ་དང་། ངེས་ཤུགས་ཆེ་རུ་གཏོང་བ་དང་གོམས་གཤིས་འཇགས་པ་བྱེད་པ། རང་རྟོགས་ངང་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་བ། བློ་ཁོག་ཆེན་པོས་ལས་སྒྲུབ་ལས་གཏོད་བཅས་བྱས་ཏེ“ཡོད་ཚད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་ཞིག་བསྐྲུན”པར་སྒྲིག་ཁྲིམས་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་ཡོད།

(དཔལ་ཐར་རྒྱལ་གྱིས་བསྒྱུར)