འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་སྨར་ཁམས་རྫོང་གིས་ཆབ་མདོ་གྲོང་ཁྱེར་གྱི“ཡོད་ཚད་ཁ་ཤར་ཕྱོགས་སུ་གཏད་རྒྱུའི”འཐབ་ཇུས་ངེས་གནས་དང་གནད་འཕིགས་སྦྲེལ་མཐུད་བྱས་ཏེ། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་ཡིས་སྲོག་ཤིང་བྱས་པའི་རམ་འདེགས་ལ་བརྟེན་ནས་བྱ་ཐབས་གསར་པ་རབ་དང་རིམ་པ་བརྒྱུད་“ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་དང་། རིག་གནས་ནུས་སྐྱེད། ཐོན་ལས་དར་རྒྱས”བཅས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་ལེགས་འཛུགས་ཐུབ་ཏེ་བོད་ཤར་གྱི་ཁྱད་ཆོས་ཡོད་པའི་གྲོང་གསེབ་དར་རྒྱས་གཏོང་བའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་བྱས་ཡོད།
རྩལ་ནུས་འགྲན་སྡུར་གྱིས་གྲོང་གསེབ་དར་རྒྱས་གཏོང་བའི་ནང་གནས་སྒུལ་ཤུགས་སློང་བར་བྱས་པ།སྨར་ཁམས་རྫོང་གིས་“རྩལ་ནུས+ལས་གཏོད”གསོ་སྦྱོང་གི་རྣམ་པ་བཏོན་ནས་དེང་རབས་ཀྱི་ཐོན་སྐྱེད་རྩལ་ནུས་དང་། སྲོལ་རྒྱུན་བཟོ་རྩལ་སོགས་རྣམ་གྲངས་ཆེ་ཁག7གྱི་འགྲན་སྡུར་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་སྤེལ་བ་རེད། འགྲན་སྡུར་བྱེད་སྒོ་ནང་ཕྱུག་འགྱུར་སྣེ་ཁྲིད་མང་པོ་ཞིག་གིས་སྣེ་ཁྲིད་ཀྱི་ནུས་པ་གང་མང་འདོན་སྤེལ་གང་ལེགས་བྱས་ཡོད།
མིག་སྔའི་བར་སྨར་ཁམས་རྫོང་གིས་རྩལ་ནུས་འགྲན་སྡུར་ཐེངས127གཉེར་བ་དང་། “སྨར་ཁམས་བཟོ་བོ”མི36བདམས་ཐོན་བྱུང་ནས་ལས་གཏོད་རྣམ་གྲངས19ལེགས་སྒྲུབ་བྱུང་ཡོད།
དམར་མདངས་མངོན་མིན་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་བྱས་པ།སྤྱི་སྲུང་སྒང་དམག་འཐབ་རྗེས་ཤུལ་དྲན་གསོ་ཁང་སོགས་གནའ་ཤུལ་མྱོང་རོལ་ཁུལ16བཙུགས་ཏེ་ཡུལ་སྐོར་བ་དང་མང་ཚོགས་ཀྱིས་དམར་མདངས་ཆབ་མདོ་དང་གནའ་ཤུལ་རིག་གནས་ཀྱི་མཛེས་པ་ཉམས་སུ་མྱོང་དུ་བཅུག་ཡོད། རྔ་སྨད་ཤོད་ཀྱི་སྔོན་གཤེགས་དཔའ་བོ་བཅོ་ལྔ་སོགས་དམར་མདངས་མངོན་མིན་ཤུལ་གཞག་བརྩམས་ཆོས36ཞིབ་ཚགས་སྒོ་ནས་གསར་སྤེལ་བྱས་ནས་བོད་ཤར་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་རིག་གནས་དང་གསར་བརྗེའི་སྙིང་སྟོབས་མངོན་པར་བྱས་ཡོད། མངོན་མིན་ཤུལ་གཞག་རིག་གནས་ཀྱི་རྩལ་ནུས་སྔར་ལས་རྒྱུད་འཛིན་ཐུབ་ཆེད། སྨར་ཁམས་རྫོང་གིས་མངོན་མིན་ཤུལ་གཞག་དགེ་རྒན་གྱི་ལས་སྒྲུབ་ཁང3བཙུགས་ཏེ་གསོ་སྐྱོང་བྱ་ཐབས་ལ་སྐུལ་འདེད་བཏང་བས། བསྡོམས་རྩིས་བྱས་ན་རྒྱུད་འཛིན་པ128གསོ་སྐྱོང་ཐུབ་ཡོད།
མི་རིགས་ཁག་མཉམ་འདྲེས་གཏིང་ཟབ་ཐུབ་པར་སྐུལ་འདེད་བཏང་བ། སྨར་ཁམས་རྫོང་གིས“ཁྲིད་པ་གསུམ”གྱི་མཉམ་རེས་རྣམ་པ་གཏོད་དེ་མི་རིགས་ཁག་མཉམ་འདྲེས་གཏིང་ཟབ་ཐུབ་པར་སྐུལ་འདེད་བཏང་ཡོད། མང་ཚོགས་ཀྱིས་ལས་བྱེད་པར་ཁྲིད་སྟོན་བྱས་ཏེ་ཇ་བཟོ་བ་སོགས་ཀྱི་རྩལ་ནུས7གྱི་སློབ་ཁྲིད་སྤེལ་བ་དང་། ཆ་སྒྲིག་རོགས་སྐྱོར21ཆགས་ཏེ་ལས་བྱེད་པས་སྲོལ་རྒྱུན་རྩལ་ནུས་ཀྱི་བྱང་ཆ་ཐོབ་ཚད་བརྒྱ་ཆའི་45མཐོར་འདེགས་བྱུང་ནས་ལས་བྱེད་པ་དང་མང་ཚོགས་བར་གྱི་བརྩེ་བ་དང་སྤེལ་རེས་གཏིང་ཟབ་ཏུ་ཕྱིན་ཡོད།
བྱེད་སྒོ་རིང་མངོན་མིན་ཤུལ་གཞག་བརྩམས་ཆོས189བསྡུ་སྒྲིག་བྱས་པ་དང་། རྒྱ་བོད་གཉིས་ཀི་དྲིལ་བསྒྲགས་སྦྱར་ཡིག4000ལྷག་འོས་སྦྱོར། མི་རིགས་མཐུན་སྒྲིལ་བརྗོད་དོན་གཙོ་བོའི་འགྲན་སྡུར་ཐེངས47སྤེལ་ཏེ་མང་ཚོགས་ཁྲི1.2ལྷག་ཞུགས་ཡོད།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)