国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年04月11日

བྱམས་པ་གླིང་གི་མེ་ཏོག་མཆོད་པ།

བྱམས་པ་གླིང་དགོན་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སུ་གནས་ཡོད་པ་དང་། དགོན་པ་དེ་ནི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་སྲོལ་བཏོད་མཁན་རྗེ་ཙོང་ཁ་པའི་སློབ་མ་ཤེས་རབ་བཟང་པོས་སྤྱི་ལོ1444ལོར་ཕྱག་བཏབ་ལ་། དགོན་སྡེའི་ནང་གི་རྟེན་གཙོ་བོ་ནི་རྒྱལ་བ་བྱམས་པ་རེད། དགོན་དེར་སྤྲུལ་བ་ཆེ་བ་ལྔའི་གདུང་རབས་ཡོད་པ་དང་གྲྭ་ཚང་བཅུ་གཉིས་ཡོད། དགོན་དེའི་མེ་ཏོག་མཆོད་པའི་མར་རྒྱན་གྱི་བཟོ་རྩལ་ཕུལ་དུ་བྱུང་བ་ཞིག་ཡིན།

མེ་ཏོག་མཆོད་པ་ནི་ཐོག་མར་བཟོ་དབྱིབས་ཆེ་ཆུང་གང་དགོས་ཀྱི་ཤིང་རུས་སྣ་ཚོགས་བཟོས་ནས་མེ་ཏོག་སོགས་ཀྱི་ཡུ་བ་ཤིང་དང་། ལྕགས་སྐུད་བྱས་ཏེ་དེའི་སྟེང་ལ་འབྲི་མར་སྦྱོར་ལེན་བྱེད་བདེ་བ་ཡོང་བའི་ཆེད་གསོ་མའི་སྐུད་པ་སོགས་དཀྲིས་ཤིང་། འབྲི་མར་ཧ་ཅང་སྲ་མཁྲེགས་ལྡན་པ་ཞིག་ཡོང་ཆེད་གྲོ་རྩྭ་བསྲེགས་པའི་ཐལ་བ་མར་དང་བསྲེས། མར་ནག་དེ་ཡིས་བཞེང་བྱ་རྣམས་ཀྱི་དབྱིབས་རགས་ཙམ་བཟོས་རྗེས། དགུན་དུས་ཀྱི་འབྲི་མར་དཀར་པོ་ལོ་མ་ལོན་པ། ལས་སྣོན་བྱས་ཚེ་འཇམ་ཞིང་མཉེན་ལ་ལག་པས་གང་འདོད་ལྟར་བཟོ་སླ་བའི་ཁྱད་ཆོས་ལྡན་པ། ཞལ་རས་དང་ཕྱག་སོགས་བཞེངས་ཚེ་མདངས་ཁྱད་པར་བ་ཞིག་ཐོན་པ་དེས་གཙོ་བྱས། འབྲི་མར་མང་ཤོས་ཀྱི་ནང་དུ་དུས་ཡུན་རིང་པོ་བཞག་ཀྱང་མདོག་མི་ཡལ་བའི་རྡོ་ཚོན་དམར་པོ་དང་སེར་པོ། སྔོན་པོ། ལྗང་ཁུ། ལི་ཁྲི་སོགས་གང་མཁོའི་ཚོན་སྔ་མང་པོ་བསྲེས་ནས་བཞེངས་དགོས། གནའ་བོའི་སྟབས་བདེའི་ལག་ཆ་དང་ལག་པ་ཟུང་ལ་བརྟེན་ནས་ཆེས་གསོན་ཉམས་ལྡན་པའི་ལྷ་སྐུ་དང་མི་སྣ། རྩྭ་ཐང་། ནོར་ལུག ལྗོན་ཤིང་། བྱ་བྱེའུ། རི་བྲག གཅན་གཟན། ལྡིང་ཁང་། མེ་ཏོག་སོགས་བཞེངས་པའི་མེ་ཏོག་མཆོད་པ་ལའང་རྣམ་པ་མང་ཞིང་རྒྱ་ཆེ་བ་ཞིག་རེད།

ལོ་རེའི་ཟླ2ཚེས25སྟེ། བོད་ལུགས་ཀྱི་ཟླ1པོའི་ཚེས15ཉིན་བྱམས་པ་གླིང་དགོན་དུ་མེ་ཏོག་མཆོད་པ་འབུལ་བའི་ཆོ་ག་སྤེལ་བའི་རྒྱུན་སྲོལ་ཡོད་པ་དང་། ས་གནས་མང་ཚོགས་ཀྱིས་ལག་ལ་ཁ་བཏགས་སོགས་མཆོད་གཤོམ་གྱི་ལྷ་རྫས་བཟུང་སྟེ་མེ་ཏོག་མཆོད་མཇལ་དུ་སླེབས་པ་རེད། འདི་ནི་ཁོ་ཚོས་ལོ་གསར་བའི་ནང་རིགས་དྲུག་གི་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྒྱུ་ལས་བྲལ་ཞིང་བདེ་བ་དང་ལྡན་པའི་ལམ་ཁ་ཡོང་བར་སྨོན་འདུན་ཞུ་བའི་ཆོ་ག་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད།

ཀརྨ་རྒྱུད་ཀྱི་ལྷ་སྐུ་རྡུང་བཟོའི་ལག་རྩལ།

ཆབ་མདོ་ནི་བོད་དང་ནང་སའི་རིག་གནས་བར་སྤེལ་རེས་བྱེད་ས་གལ་ཆེན་ཞིག་ཡིན་ལ། ཆབ་མདོའི་དམངས་ཁྲོད་ལྕགས་རིགས་ལག་རྩལ་དེ་ལོ་རྒྱུས་སྟེང་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་ཀརྨ་རྒྱུད་ཀྱི་ལྷ་སྐུ་རྡུང་བཟོ་ལག་རྩལ་གྱིས་མདོ་དབུས་མཐོ་སྒང་གི་ས་ཆ་མང་ཆེ་བའི་ཆོས་ལུགས་སྒྱུ་རྩལ་ལའང་ཤུགས་རྐྱེན་ཆེན་པོ་ཐེབས། ལག་རྩལ་དེ་བོད་ཀྱི་ཐུན་མོང་མ་ཡིན་པའི་ལྕགས་རིགས་བཟོ་རྩལ་ཞིག་ཡིན་ལ་འཛམ་གླིང་གི་གཅིག་པུ་འང་ཡིན། གཙོ་བོ་ཆབ་མདོའི་ཁ་རུབ་ཆུས་ཀྱི་ཀརྨ་ཤང་དང་ཚེར་དབད་ཤང་གི་རྒྱུད་དུ་དར་ཁྱབ་བྱུང་ཡོད།

ཀརྨ་ཤང་གི་ལྷ་སྐུ་རྡུང་བཟོའི་ལག་རྩལ་གྱིས་ཐང་རྒྱལ་རབས་ནས་བཟུང་ནང་སའི་ལྕགས་རིགས་བཟོ་རྩལ་གྱི་སྲོལ་རྒྱུན་རྒྱུད་འཛིན་བྱས་པ་མ་ཟད། ནེ་པ་ལའི་ལྕགས་རིགས་བཟོ་རྩལ་ཀྱང་བསྡུ་ལེན་བྱས་ཡོད། ཀརྨ་བཀའ་རྒྱུད་པའི་མ་དགོན་ཀརྨ་དགོན་གསར་ཕྱག་བཏབ་དེས། ཀརྨ་རྒྱུད་ཀྱི་ལྷ་སྐུ་རྡུང་བཟོའི་ལག་རྩལ་འཕེལ་རྒྱས་ལ་ཐད་ཀར་འབྲེལ་བ་ཆེན་པོ་ལྡན་པ་དང་། བཀའ་རྒྱུད་པའི་བླ་མ་དུས་གསུམ་མཁྱེན་པས་སྤྱི་ལོ1147བཞེངས་དུས་ནང་ས་དང་ནེ་པ་ལར་ནས་བཟོ་བོ་མཁས་ཅན་ མང་པོ་གདན་དྲངས་ནས་བཟོ་སྐྲུན་བྱས་རྗེས་ཕུལ་དུ་བྱུང་བའི་ཟངས་མགར་ཁག་ཅིག་དུས་ད་ལྟའི་བར་དུ་ཉར་ཚགས་བྱས་ཡོད།

གཏུམ་བྲག་གི་འགྱུར་རྡོ།

གཏུམ་བྲག་གི་འགྱུར་རྡོ་དེ་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་རི་བོ་སྟག་མ་ལའི་ནུབ་ངོས་སུ་ཡོད་ལ། ད་བར་ལོ་དུང་ཕྱུར་གཅིག་དང་ཁྲི་དྲུག་སྟོང་ལྷག་གི་ལོ་རྒྱུས་ལྡན་ཡོད། དེ་ནི་རང་རྒྱལ་གྱི་ས་བབ་ཆེས་མཐོ་ཤོས་སུ་བྱུང་བའི་གཏུམ་བྲག་གི་འགྱུར་རྡོ་ཐོག་མར་གྱུར་ཡོད།

1976ལོར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་མཚོ་བོད་མཐོ་སྒང་ཕྱོགས་བསྡུས་བརྟག་དཔྱད་རུ་ཁག་ཁོངས་གནའ་བོའི་སུག་བཞིའི་སེམས་ཅན་ཚོ་ཆུང་གིས་ཆབ་མདོ་རྫོང་རྟ་གཡེར་ཤང་དུ་འབྲུག་གི་འགྱུར་རྡོ་ཁག་ལྔ་རྙེད་པས་བོད་དུ་དེའི་ཐད་ཀྱི་ཚན་རིག་གི་སྟོང་ཆའི་ཁ་སྐོང་ཐུབ་ཡོད་ལ་ཆབ་མདོ་ཁུལ་གྱི་གནའ་བོའི་ས་གཤིས་དང་གནམ་གཤིས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞི་རིན་ཐང་བྲལ་བའང་ཡིན།

ཚྭ་ཁ་ལྷོ་ཞེས་པའི་མིང་གི་ཐོགས་དོན།

ཚྭ་ཁ་ལྷོ་ཞེས་པ་ནི་ཁྲོན་པ་བརྐོས་ཏེ་ཚྭ་ཐོན་སའི་ས་ཆ་ཡིན་པའི་ཆ་ནས་དེ་ལྟར་ཐོགས་པ་ཡིན་ལ། མིའི་རིགས་ཀྱིས་ཚྭ་སྔོག་འདོན་བྱེད་པའི་ལོ་རྒྱུས་དེ་ལོ་ངོ་སྟོང་ཕྲག་ལྷག་གི་གོང་དུ་རིགས་འདེད་བྱས་ཆོག་མོད་གདོད་མའི་རྗེས་ཤུལ་མང་པོ་ཞིག་ད་ལྟ་རྙེད་པར་དཀའ། ཚྭ་ལྷོ་ཡུལ་དུ་བསྐྱོད་ན། ཚྭ་ཆུ་འཁུར་མཁན་གྱི་ཚྭ་ལྷོ་བུ་མོའི་གཟུགས་རིས་དང་རྒྱབ་ཀྱི་རི་ལ་བརྟེན་ནས་བཟོས་པའི་ཚྭ་ཞིང་ལེབ་མོ། དེ་མིན་མུ་མཐུད་རྒྱུད་འཛིན་བྱེད་བཞིན་པའི་གདོད་མའི་ཚྭ་བཟོ་ལག་རྩལ་བཅས་མཐོང་ཐུབ།

གནས་འདི་རུ་ངོ་མཚར་གཏམ་རྒྱུད་རབ་དང་རིམ་པ་མང་པོ་བཤད་པའི་རྒྱུན་ཡོད་ཅིང་། ལྷག་པར་དུ་ཚྭ་ལྷོ་དང་འབྲེལ་བའི་མི་སེམས་འགུལ་བའི་ངག་རྒྱུན་ཤིག་ཀྱང་ཡོད། གནའ་སྔ་མོ་ཚྭ་ལྷོའི་ས་ཆར་ཟླ་ཆུ་སྔོན་མོའི་བཞུར་རྒྱུན་ཆད་དེ་རི་མཐོ་གྲོག་རོང་གང་སར་ཐན་པ་ཆེ་ལ་རང་བྱུང་གི་ཆ་རྐྱེན་ཞན་པའི་ས་ཁུལ་ཞིག་ཏུ་གྱུར། གཞན་ཚྭ་ཁ་ལྷོ་ནི་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་ཡོད་པའི་འཇང་རིགས་ཀྱི་ཤང་གཅིག་པུ་ཡིན་ཞིང་། ཡུལ་འདི་ཉིད་སི་ཁྲོན་དང་། ཡུན་ནན། བོད་ལྗོངས་བཅས་ཞིང་ཆེན་གསུམ་གྱི་འདྲེས་མདོ་ཆགས་ཡོད་ཅིང་མཚོ་ངོས་ལས་མཐོ་ཚད་རྨིད་ཉིས་སྟོང་བཞི་བརྒྱ་ལྷག་ཡོད། བྱང་ཤར་ནི་སི་ཁྲོན་གྱི་འབའ་ཐང་དང་འདབས་འབྲེལ་ལ། ལྷོ་ནི་ཡུན་ནན་གྱི་བདེ་ཆེན་དང་འདབས་འབྲེལ་བ་དང་། ནུབ་ནི་བོད་ལྗོངས་ཀྱི་མཛོ་སྒང་དང་འབྲེལ་ཡོད། གནའ་སྔ་མོ་ལོ་བསྟུད་མར་དུས་ཟིང་བྱུང་ནས་ས་གནས་དེ་གའི་མང་ཚོགས་ཀྱི་འཚོ་བར་དཀའ་ཁག་ཆེན་པོ་བྱུང་བ་དང་། སྐབས་དེར། བྱམས་དང་སྙིང་རྗེ་ལྡན་པའི་རི་བོ་ཟླ་མེད་གཡང་གིས་ཚྭ་ལྷོའི་མི་སེར་སྡུག་བསྔལ་ཚབས་ཆེན་ལྷགས་པ་ཐུགས་ཀྱིས་མ་བཟོད་པ་དང་། དེ་ནས་ཁོ་མོས་འཕགས་པ་སྤྱན་རས་གཟིགས་ལ་ཞུས་པས་སྤྱན་རས་གཟིགས་ཡང་སྙིང་རྗེ་ཤིན་ཏུ་དྲག་པོ་སྐྱེས་ཏེ་ཡི་ཤེས་ཀྱི་སྤྱན་གསུམ་པས་གཟིགས་ཚེ། ཚྭ་ལྷོ་ས་ཆར་དུས་ཟིང་ཙམ་མ་ཟད། རང་བྱུང་གི་ཆ་རྐྱེན་ཞན་ནས་མི་སེར་གྱི་འཚོ་བ་དཀའ་ངལ་བྱུང་ཡོད་པ་མཁྱེན་ནས་ཁོང་ཉིད་ངོ་མཚར་བའི་བྱ་གཉིས་ཀྱི་རྣམ་པར་རོལ་ནས་རྫ་ཆུའི་རྒྱུད་ལ་བབས་ཤིང་། ཆུ་ངོགས་ཚྭ་ཞིང་ལ་བསྒྱུར་བ་དང་། གསེར་བྱ་བབས་པའི་ས་རྣམས་ཚྭ་དམར་པོའི་ཞིང་དང་། དངུལ་བྱ་བབས་པའི་ས་རྣམས་ཚྭ་དཀར་པོའི་ཞིང་དུ་གྱུར་བར་གྲགས། དུས་དེ་ནས་བཟུང་ཚྭ་ཆུ་དེ་ཁོ་ཚོའི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་ཡོང་སྒོ་གཙོ་བོའང་ཡིན།

རྫ་ཆུའི་འགྲམ་རྒྱུད་ཀྱི་གཡས་གཡོན་རི་ངོས་སུ་ཚྭ་ཞིང་ནི་མཐོ་དམའ་རིམ་པ་བཞིན་བསྟར་ཡོད་ལ། ཡར་བལྟས་ན་མཁའ་དབྱིངས་སུ་བརྩིགས་པའི་ཁང་བརྩེགས་ཤིག་དང་འདྲ་ཞིང་། མར་བལྟས་ན་རིམ་པ་བཞིན་བསྟར་བའི་སྐས་ཞིང་དང་མཚུངས། གྲོང་མི་ཚོས་ངོ་སྤྲོད་པ་ལྟར་ན། རྫ་ཆུའི་ཉིན་སྲིབ་ཀྱི་གྲམ་པ་དང་རི་ངོས་སུ་ཚྭ་ཞིང་ལེབ་མོསྟོང་གསུམ་དང་ཉིས་བརྒྱ་ལྷག་ཡོད་ཅིང་། ལོ་རེར་ཚྭ་ཐོན་ཚད་རྒྱ་མ་ས་ཡ་ཁ་ཤས་ཡོད་པ་ཚང་མ་ཕྱི་ལ་འཚོང་བཞིན་ཡོད་ཟེར།

ཆུ་ཚན་ཁ་དང་ཟླ་མེད་གཡང་གི་གཏམ་རྒྱུད།

སྨར་ཁམས་ཀྱི་མཛེས་ལྗོངས་ལེགས་ཤོས་སུ་འབོད་པའི་ཚྭ་ལྷོ་རུ་ལྗོངས་ཕྱི་ནང་དུ་སྐད་གྲགས་ཆེ་བའི་ཆུ་ཚན་ཞིག་ཡོད་པ་དེ་ནི་ཚྭ་ལྷོའི་ཆུ་ཚན་ཁ་ཡིན། དེར་རྫ་ཆུའི་འགྲམ་རྒྱུད་དུ་གནས་ཤིང་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད་ཉིས་སྟོང་ཉིས་བརྒྱ་ལྷག་ཙམ་ཡོད་ཅིང་། ཡུལ་ལྗོངས་མཛེས་ལ་མཁའ་དབུགས་གཙང་བ་དང་གནམ་གཤིས་ཧ་ཅང་འཕྲོད། རྫ་ཆུ་གཙང་པོས་ལང་ལོང་གི་བཞུར་སྒྲ་དང་བསྟུན་ནས་བྱང་ནས་ནུབ་ཏུ་རྒྱུ། ཚྭ་ལྷོའི་ཆུ་ཚན་ཐད་ངོ་མཚར་བའི་གཏམ་རྒྱུད་ཞིག་བཤད་རྒྱུ་ཡོད་དེ། ཆུ་ཚན་གྱི་རྒྱབ་ཕྱོགས་སུ་སྙན་གྲགས་ཆེ་བའི་མཛེས་ཤིང་སྡུག་པའི་རི་བོ་ཞིག་ཡོད། རི་བོ་དེའི་མིང་ལ་ཟླ་མེད་གཡང་ཟེར་ཞིང་ས་གནས་དེ་གའི་མང་ཚོགས་ཀྱིས་དེ་ལ་ལྷ་མོ་ཞེས་འབོད། ངག་རྒྱུན་ལྟར་ན་ཡིད་དུ་འོང་བའི་ཟླ་མེད་གཡང་ནི་ཡུན་ནན་བདེ་ཆེན་གྱི་ཁ་བ་དཀར་པོའི་བུ་མོ་གསུམ་པ་ཡིན་པར་གྲགས་པ་དང་། གནའ་སྔ་མོ་ཞིག་ལ་མཛེས་ཤིང་ཡིད་དུ་འོང་བའི་ཁ་བ་དཀར་པོའི་བུ་མོ་དེ་ལྷ་ཡུལ་ནས་འཇིག་རྟེན་དུ་བྱོན་པ་དང་། དེ་ནས་ཚྭ་ལྷོའི་ཡུལ་དུ་སླེབས་དུས་ཡུལ་དེར་ནད་ཡམས་ཀུན་ཏུ་ཁྱབ་ནས་མང་ཚོགས་འཚོ་ཐབས་བྲལ་བའི་གནས་སུ་གྱར་ཡོད་པ་མཐོང་དུས། ཁོ་མོ་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཞིང་སྤྱན་ཆབ་བསིལ་བ་དེ་དྲོན་མོ་གྱུར་ནས་ནད་རིགས་སྣ་མང་འཇོམས་པའི་གཉེན་པོ་ལྟ་བུ་གྱུར་ཏེ་སེམས་ཅན་ཐམས་ཅད་ཕན་བདེ་བསྐྲུན་པ་རེད། དུས་དེ་ནས་བཟུང་ས་གནས་དེ་གའི་མང་ཚོགས་ཀྱིས་ཆུ་ཚན་དེ་ལྷ་ཡིས་གནང་བའི་བདུད་རྩི་ཞིག་གི་བསམ་པ་སྒོམ་ནས་ཆུ་དེ་འཐུང་བས་ནད་རིགས་ཐམས་ཅད་སེལ་ཞིང་ཚེ་ཐག་རིང་བར་གྱུར། མཛེས་ཤིང་ཡིད་དུ་འོང་བའི་ཟླ་མེད་གཡང་ཡང་འཇིག་རྟེན་གྱི་ལས་དོན་ལ་ཞུགས་ནས་ལྷའི་ཁྲིམས་དང་འགལ་བས་གངས་རི་ཞིག་གྱུར་ཏེ་ཆུ་ཚན་ཁའི་རྒྱབ་ཕྱོགས་སུ་གྲོང་ངེར་འགྲེང་ནས་ནམ་ཡང་མང་ཚོགས་ལ་སྤྱན་གྱིས་གཟིགས་ཞིང་ས་གནས་དེ་གའི་མང་ཚོགས་ཀྱིས་ཀྱང་རི་བོ་ཟླ་མེད་དེ་ལྷ་མོའི་རི་བོ་ཞིག་གི་ངང་ཚུལ་བཟུང་ནས་ནམ་ཡང་བསྙེན་བཀུར་བྱེད་བཞིན་ཡོད། ཆུ་ཚན་ཁ་དེ་ཁབ་རྒྱག་དང་སྨན་འཐུང་མི་དགོས་པའི་སྨན་བཅོས་ཁང་ཞིག་ཏུ་གྱུར་བ་རེད།

དཔྱིད་ཀར་མེ་ཏོག་བཞད་དུས་ལྗོངས་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་རྒྱུན་ཆད་མེད་པར་ཡུལ་འདིར་འོང་ནས་ལུས་ཁྲུས་ནད་བཅོས་དང་ལུས་ཕུང་བདེ་སྲུང་བྱས་ནས་ཕྱིར་ལོག་གིན་ཡོད། ད་ལྟ་སྨར་ཁམས་ཀྱི་ཡུལ་སྐོར་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་ཆུ་ཚན་ཁའི་རྨང་གཞིའི་སྒྲིག་བཀོད་རིམ་གྱིས་འཛུགས་སྐྲུན་བྱས་པས་ཆུ་ཚན་ཁ་ནི་དྲི་ཟའི་ཡུལ་དང་རང་བྱུང་ཁམས་ལ་ལོག་པ་ལྟ་བུ་ཞིག་ཏུ་ཆགས་ཡོད་པ་རེད།

འཇང་རིགས་ཀྱི"གནམ་ཕག"

ཚྭ་ཁ་ལྷོ་ནི་མི་རིགས་མང་པོ་འདུས་སྡོད་བྱེད་ས་ཞིག་ཡིན་ཞིང་། དུས་ཡུན་རིང་པོའི་ནང་མི་རིགས་ཁག་དབར་ཕན་ཚུན་འགྲོ་འོང་བྱས་ནས་མི་རིགས་ཀྱི་ཐུན་མོང་ མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་ཤིག་གྲུབ་ཡོད་པ་ལས་འཇང་རིགས་ཀྱི་གནམ་ཕག་ནི་དེའི་གྲས་ཀྱི་གཅིག་ཡིན།"གནམ་ཕག"ནི་ཡུལ་ཕག་བསད་ནས་མེས་པོར་མཆོད་འབུལ་བྱེད་པའི་རྨོངས་དད་ཀྱི་བྱེད་སྒོ་ཞིག་ཡིན་ལ་དེ་ནི་འཇང་རྒྱལ་ལས་བྱུང་བ་ཞིག་ཡིན་པར་གྲགས། མིན་རྒྱལ་རབས་ཀྱི་དུས་སུ(མིན་ཧོང་བོའོ་དགུང་ལོ་བཅོ་ལྔ་སྤྱི་ལོ1387)ཡུན་ནན་འོས་ལངས་བསླངས་པ་དང་མིང་གུར་རྒྱལ་པོ་ཐོག་མ་ཀྲུའུ་ཡོན་ཀྲང་གིས་སྐུ་དངོས་སུ་དམག་དཔུང་ཁྲིད་ནས་འོས་ལངས་ཞི་འཇགས་སུ་ བཏང་བ་དང་། འཇང་རྒྱལ་གྱིས་དམིགས་བསལ་གྱི་སྲིད་ཇུས་ལ་བརྟེན་ནས་སི་ཁྲོན་དང་། ཡུན་ནན། བོད་ལྗོངས་བཅས་ཀྱི་འབྲེལ་མཚམས་སུ་མི་དམངས་དམར་གསོད་སོགས་ཁྲག་དྲི་བྲོ་བའི་རྣམ་པས་ཇ་རྟ་གནའ་ལམ་རྒྱུད་དུ་དཔུང་འཇུག་བྱས། བོད་ལྗོངས་ལ་དཔུང་སྐྱོད་བྱེད་པའི་ལམ་བར་ནས་ད་ལྟའི་ཡུན་ནན་ཞིང་ཆེན་གྱི་རྒྱལ་ཐང་རྫོང་དང་། བདེ་ཆེན་རྫོང་། སི་ཁྲོན་གྱི་འབའ་ཐང་དང་། ལི་ཐང་། བོད་ལྗོངས་ཀྱི་སྨར་ཁམས་སོགས་ས་ཆ་མང་ཤོས་བཙན་བཟུང་བྱས་ཏེ་འཇང་རིགས་དུ་ཕྱིར་སླེབས། སྐབས་དེར་འཇང་རིགས་ཀྱིས་རྨོངས་དད་ཀྱི་བྱེད་སྒོ་ཐོག་ནས་འཇང་རྒྱལ་མཆོད་འབུལ་བྱས་པ་ལས"གནམ་ཕག"བྱུང་བ་ཡིན།

"གནམ་ཕག"དུས་ཆེན་ནི་ལོ་རེའི་ལུགས་རྙིང་གི་ཟླ་བ་དང་པོའི་ཚེས་དྲུག་ནས་བརྒྱད་བར་གྱི་ཉིན་གེ་མོ་ཞིག་ཡིན་ལ། ཉིན་དེར་དུད་ཁྱིམ་རེ་རེས་ཕག་བསད་ནས་མཆོད་འབུལ་བྱེད་མི་སྲིད་མོད་འཇང་རིགས་གྲོང་ཚོའི་དུད་ཁྱིམ་ཚང་མའི་མི་ཡོང་ནས་ལོ་རེར་ཁག་བགོས་ནས་མཆོད་འབུལ་བྱེད་སྒོ་སྤེལ་གྱིན་ཡོད། "གནམ་ཕག"དུས་ཆེན་མ་ཚེས་གོང་གི་ཉིན་དང་པོའི་མཚན་མོར་མཆོད་འབུལ་བྱེད་སྒོ་ཞུགས་མཁན་གྱི་མི(དུད་ཁྱིམ་རེ་རེའི་སྐྱེས་པ་རེར)ཚང་མ་མཆོད་འབུལ་བྱེད་མཁན་གྱི་དུད་ཁྱིམ(མི་རེས་གྲོ་དང་། འབྲས། ཆང་བཅས་རྒྱ་མ་གང་འཁྱེར་ཡོང་དགོས)དེ་རུ་འཛོམས་ནས་དགོང་ཟས་ལ་རོལ་བ་དང་། མུན་རུབ་རྗེས་རྟ་ལ་བཅིབས་ནས་གྲོང་ཚོ་ཧྲིལ་བོའི་ལམ་མདོ་རུ་སྐད་འབོད་བྱེད་ཞོར་དུ་གང་སར་ཕར་རྒྱུགས་ཚུར་རྒྱུགས་བྱེད།

ཉིན་གཉིས་པར་ཞོགས་པའི་སྐྱ་རེངས་མ་བཏང་གོང་གི་ཆུ་ཚོད་བཞི་ཡས་མས་སུ། མཆོད་འབུལ་བྱ་རྒྱུའི་ཕག་གི་གྲོད་པ་ཆང་གིས་བངས་ནས་དྲན་པ་རྒྱལ་བར་བྱས་རྗེས་བཤས་ར་ཁྲིད་དེ་བསད་པ་དང་། ཕག་སྤུ་མེ་བཏང་ནས་བསྲེགས་རྗེས་རྒྱུ་མ་ལེན་པ་དང་ཡན་ལག་གཅོད་པ་ཡིན། ཕག་གི་མཆིན་པ་དང་། རྒྱུ་མ། དེ་བཞིན་ཕོ་བ་དང་རུས་པ་ལས་ལོ་གཅིག་གི་རྟགས་རྟེན་འབྲེལ་དང་གེགས་བར་ཆད་ཅི་ཡོང་བརྟགས་པ་ཡིན། "གནམ་ཕག"ནི་གནའ་བོའི་མཆོད་འབུལ་བྱེད་སྒོ་ཞིག་ཡིན་པ་ལས་ཆོས་ལུགས་ཀྱི་ཆོ་ག་གང་ཡང་མིན་ནོ།།

ལྕགས་རྟ་གྲོང་གི་གཉེན་སྟོན།

ལྕགས་རྟ་གྲོང་ཚོ་ནི་རྫ་ཆུའི་འགྲམ་རྒྱུད་དུ་ཆགས་ཡོད་པ་དང་ད་ལྟའི་འཇང་གི་ཁོངས་སུ་གཏོགས་པ་ཡིན། ངག་རྒྱུན་དུ་གྲོང་ཚོ་འདིའི་གནས་རི་ནི་འདུ་འཛི་ལ་དགའ་མཁན་ཞིག་ཡིན་ལ་ལོ་རེར་གཉེན་སྟོན་རྫུན་མར་བརྟེན་ནས་ལྷ་རིར་མཆོད་པ་དང་། མཆོད་འབུལ་བསྙེན་བཀུར་མ་བྱས་ན་ཤྭ་འོད་རྒྱུགས་ནས་མི་སེར་གྱི་སྡོད་ཁང་དང་། ས་ཞིང་། ཚྭ་ཞིང་བཅས་བསྣུབས་ཏེ་གནོད་འཚེ་གཅིག་རྗེས་གཉིས་མཐུད་ངང་འབྱུང་ངེས་རེད། དབྱེ་ཞིབ་ཞིབ་ཕྲ་བྱས་ན་གཉེན་སྟོན་དུས་ཆེན་ནི་གཉེན་སྟོན་ལ་ཁ་གཡར་ཏེ་གནམ་ས་བཀུར་བསྟི་བྱེད་པའི་རོལ་རྩེད་ཀྱི་བྱེད་སྒོ་ཞིག་ཡིན། ལྕགས་རྟ་གྲོང་ཚོ་ནི་རྫ་ཆུའི་འགྲམ་རྒྱུད་ཀྱི་རི་བོ་ཟླ་མེད་གཡང་ལ་རྒྱབ་རྟེན་པ་དང་མང་ཚོགས་རྟག་ཏུ་ཚྭ་ལས་དང་ཞིང་ལས་གཉིས་ལ་བྲེལ་འཚུབ་ཤིན་ཏུ་ཆེ་ཞིང་རོལ་རྩེད་ཀྱི་བྱེད་སྒོ་ཤིན་ཏུ་ཉུང་བས་གཞོན་ནུ་ལོ་ཆུང་ཚོས་གཉེན་སྟོན་རྫུན་མའི་ལམ་ནས་ཡུལ་ལྷ་གཞི་བདག་ལ་མཆོད་པ་འབུལ་བ་དང་འདུ་འཛི་རིམ་གྱིས་ཇེ་ཆེར་གྱུར་ནས་ད་ལྟའི་གཉེན་སྟོན་དུས་ཆེན་བྱུང་བ་རེད།

གཉེན་སྟོན་དེ་ནི་ལོ་རེའི་ལུགས་རྙིང་གི་ཟླ་བ་དང་པོའི་ཚེས་དགུ་ཉིན་ནས་བཅུ་གཅིག་བར་གྱི་ཉིན་ག་གེ་མོ་ཞིག་ཡིན་ཞིང་། ཉིན་དེར་ལྕགས་རྟ་གྲོང་ཚོ་ལ་མཚོན་ན་ཆེས་འདུ་འཛི་ཆེ་བའི་ཉིན་ཞིག་ཡིན། གཉེན་སྟོན་མ་བྱས་གོང་གྲོང་ཚོའི་ནང་གི་སྤྱོད་གྲགས་གཉིས་ལྡན་དང་གཏམ་བཤད་མཁས་པའི་རྒན་པ་ཞིག་གིས་གྲོང་ཚོ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་ཚང་མར་ཚོགས་འདུ་འཚོགས་ཏེ་ལོ་དེའི་ནང་སྐྱེས་གཟུགས་མཛེས་ཤིང་ལས་ལ་བརྩོན་པའི་ལོ་ཆུང་ཆ་སྒྲིག་གཉིས་བདམས་ནས་མནའ་མ་དང་མག་སར་བྱེད་པ་མ་ཟད་གཉེན་སྒྲིག་བྱེད་སའི་ཁྱིམ་ཚང་གཏན་འཁེལ་བྱེད།

མནའ་མ་དང་མག་སར་གཉིས་ཀྱིས་སྦྱོང་བརྡར་བྱེད་པ་དང་དེ་མིན་ལོ་ཆུང་ཚོས་སང་ཉིན་གྱི་གཉེན་སྟོན་ལ་གྲ་སྒྲིག་བྱེད་དུ་འགྲོ་བ་ཡིན། ཉིན་གཉིས་པར་ནམ་གསལ་རྗེས་གྲོང་ཚོ་ཡོངས་ཀྱི་ཕོ་མོ་རྒན་དར་གཞོན་གསུམ་གྱིས་ལེགས་སྐྱེས་བསྣམས་ནས་གཉེན་སྟོན་ལ་ཡོང་བ་དང་མག་བག་རོགས་དེ་ཉིད་མག་པ་མནའ་མ་བརྫུ་བ་དང་གཞན་རྣམས་ཁག་བགོས་ནས་ལས་ཀ་ལས། ཉིན་གུང་གི་ཟ་མ་ཟས་རྗེས་གཉེན་སྒྲིག་གི་དགའ་སྟོན་ཡོ་ལང་སྤེལ་ཞིང་སྨྲ་ལྕེ་བདེ་བའི་མདོ་འཛིན་པས་གཉེན་སྟོན་མགོ་ཚུགས་པར་ཁྱབ་བསྒྲགས་བྱས་རྗེས་མག་པ་མནའ་མ་གཉིས་ཀྱིས་དུས་ཆེན་གྱི་གཟབ་མཆོར་ལེགས་པོར་སྤྲས་ཏེ་བཀྲ་ཤིས་རྟགས་བརྒྱད་བྲིས་པའི་རི་མོ་དཀྱིལ་དུ་ཡོང་བ་དང་། གཉེན་སྒྲིག་མཛད་སྒོ་གཙོ་གཉེར་བྱེད་མཁན་གྱིས་གཏམ་བཤད་གནང་རྗེས་བུ་བུ་མོ་ཕྱོགས་གཉིས་ཀྱི་ཚབ་བྱེད་མི་སྣས་ཁ་གཡང་འབོད་པ་མ་ཟད་ཤགས་འགྱེད་ཀྱང་བྱེད། ཤགས་འགྱེད་ནི་གཉེན་སྟོན་ཁྲོད་ཀྱི་ཆེས་ཕུན་སུམ་ཚོགས་པའི་ཆ་ཤས་ཤིག་ཡིན། ཕྱི་དྲོ་སླེབས་དུས་མི་རྣམས་ཀྱི་དགའ་འབོད་ཀྱི་ཁྲོད་ནས་མཛད་སྒོ་མཇུག་རྫོགས་པ་ཡིན། དགོང་ཟས་རོལ་རྗེས་གྲོང་ཚོ་ཡོངས་ཀྱི་ཕོ་མོ་རྒན་གཞོན་ཚང་མ་ཐང་ཆེན་དུ་འཛོམས་ནས་ཞབས་བྲོ་འཁྲབ་ཏེ་ཉིན་གསུམ་པའི་སྐྱ་མདའ་བཏང་མ་ཐག་གཉེན་སྟོན་མཇུག་བསྡུ་བ་ཡིན།

སྤྱིར་བཏང་གི་གཉེན་སྟོན་དང་བསྡུར་ན་ལྕགས་རྟ་གྲོང་ཚོའི་གཉེན་སྟོན་གཟབ་རྒྱས་དང་འདུ་འཛི་ཆེ་ཞིང་། དེ་ལ་གཏམ་བཤད་དང་ཤགས་འགྱེད་ཡོད་པ་མ་ཟད་གླུ་ལེན་གར་འཁྲབ་སོགས་ཡོད་པས་དེ་ནི་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཁྱད་ཆོས་དང་། ས་གནས་ཀྱི་ཁྱད་ཆོས། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་མི་རིགས་ཀྱི་རིག་གནས་སོགས་མངའ་ཡོད།