འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། དམངས་ཡོངས་ལ་རྒྱལ་སྲུང་སློབ་གསོ་ཟབ་སྤེལ་བྱ་ཕྱིར་ཉིན་ཤས་བསྟུད་མར་ཆབ་མདོ་གྲོང་ཁྱེར་སློབ་གསོ་ཅུད་ཀྱིས་སློབ་གྲྭ་ཁག་ཏུ་རྒྱལ་སྲུང་སློབ་གསོའི་བྱེད་སྒོ་རྒྱ་ཆེར་སྤེལ་བ་རེད།
ཆབ་མདོ་གྲོང་ཁྱེར་གྱི་མཐོ་འབྲིང་གསུམ་པ་དང་དྲུག་པའི་ལུས་རྩལ་ཐང་ཆེན་དུ་སློབ་མ་རྣམས་ལུས་ལ་སློབ་གོས་གྱོན་ནས་སློབ་ཁྲིད་དམག་མིའི་མཛུབ་སྟོན་འོག་ནས་བང་བསྒྲིགས་ཏེ་དམག་སྦྱོང་དང་འཐབ་རྩལ་ནང་སྦྱོང་བྱས་པ་རེད། སློབ་མ་རྣམས་མིག་མདངས་གཟེར་ཅིང་རྐང་ལག་གྲ་འགྲིག་པ། ངག་ནས་དམག་སྦྱོང་གི་སྐད་སྒྲ་ལྡིར་ལྡིར་སྒྲོག་པ་སོགས་ཉམས་བརྗིད་ཆེ་ལ་སློབ་ཁྲིད་དམག་མི་ཚོས་ཀྱང་ངང་རྒྱུད་རིང་པོས་སློབ་མ་ལ་དམག་སྦྱོང་བྱེད་ལུགས་ལེགས་པར་བསླབས་ནས་ཅི་གསུང་དེ་སྒྲུབ་ཀྱི་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཆེས་ཆེར་བསྐྱེད་ཡོད་པ་རེད།
རྒྱལ་སྲུང་སློབ་གསོའི་ལག་ལེན་སློབ་ཁྲིད་སྐབས་སློབ་ཁྲིད་དམག་མིས་གྲུ་བཞི་ཁ་གང་མ་ལྟ་བུའི་ཉལ་ཆས་འཆག་རྒྱག་ལུགས་གཙོ་བོར་བསླབས་པས་སློབ་མ་རྣམས་ཧ་ལས་ནས་དགའ་ཚོར་ཆེན་པོ་བྱུང་ཡོད། དེ་ནས་སློབ་མ་རྣམས་ཁག་བགོས་ཏེ་ནང་ཁུལ་ནས་འཆག་རྒྱག་ལུགས་འགྲན་སྡུར་ཚད་པ་དང་། སློབ་ཁྲིད་དམག་མིས་རེ་རེ་བཞིན་ལེགས་པར་བརྟག་སྟེ་ནོར་བཅོས་མཛུབ་ཁྲིད་གནང་བ་སོགས་ཡུལ་དངོས་སུ་ཧ་ཅང་འཁྲུག་ཆ་དོད་པོ་བྱུང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་རྒྱལ་སྲུང་སློབ་གསོའི་བྱེད་སྒོ་འདི་ལོ་གསུམ་ལ་སྤེལ་རྒྱུ་ཡིན་ཞིང་། གྲོང་ཁྱེར་ཡོངས་དང་རྫོང་ཆུས་ཁག་གི་སློབ་གྲྭ་ཚང་མར་སློབ་དུས་ཧྲིལ་པོར་སྤེལ་རྒྱུ་རེད། དེ་ཡང་དམག་སྦྱོང་དང་རྒྱལ་སྲུང་སློབ་གསོའི་སློབ་ཁྲིད། གསར་བརྗེའི་རྟེན་གཞིར་ལྟ་སྐོར་དང་གཙོ་དོན་འཛིན་གྲྭའི་སློབ་ཁྲིད་སོགས་བྱེད་སྒོ་སྣ་ཚོགས་སྤེལ་ནས་དགེ་སློབ་ཡོངས་ཀྱི་རྒྱལ་སྲུང་གི་འདུ་ཤེས་ཆེར་སྐྱེད་དང་མི་རིགས་ཆིག་སྒྲིལ་གྱི་ནུས་པ་ཆེ་རུ་གཏོང་རྒྱུ་དང་། སློབ་མ་རྣམས་རྒྱལ་ཁབ་ལ་དགའ་ཞེན་དང་སྤྱི་ཚོགས་ལ་འཁུར་སེམས་ཆེར་སྐྱེད་ཀྱིས་སློབ་མའི་ཕྱོགས་ཡོངས་ཀྱི་ནུས་པ་སྐྱེད་སྲིང་ཐོག་ནས་སློབ་གྲྭའི་རྒྱལ་སྲུང་གི་སློབ་གསོ་འཕེལ་རྒྱས་ཇེ་ཆེར་གཏོང་རྒྱུ་རེད།
པར①ནི་སློབ་ཁྲིད་དམག་མིས་ཉལ་ཆས་འཆག་རྒྱག་ལུགས་སློབ་བཞིན་པ།
པར②ནི་སློབ་མས་སློབ་ཁྲིད་དམག་མིའི་མཛུབ་ཁྲིད་འོག་སྦྱོང་བརྡར་བྱེད་བཞིན་པ།