国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年04月04日

ཆབ་མདོའི་ལྟེ་བའི་གྲོང་ཁུལ་གྱི་“གཉིས་འགལ་”བཅོས་སྒྲིག་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་ཆབ་མདོའི་ལྟེ་བའི་གྲོང་ཁུལ་གྱི་“གཉིས་འགལ་”བཅོས་སྒྲིག་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་ལྟེ་བའི་གྲོང་ཁུལ་གྱི་“གཉིས་འགལ་”རྩད་གཅོད་གནས་ཚུལ་གྱི་སྙན་ཞུར་གསན་པ་དང་། “གཉིས་འགལ་”བཅོས་སྒྲིག་ལས་དོན་ཁག་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ལུའེ་གོ་ཅན་ཚོགས་འདུ་ཞུགས་པ་རེད།

ལའོ་ཆིན་འུའུ་ཡིས“གཉིས་འགལ་”བཅོས་སྒྲིག་ནི་གྲོང་ཁྱེར་འཆར་འགོད་ཀྱི་དབང་གྲགས་རང་བཞིན་ལ་སྲུང་སྐྱོང་དང་། ས་ཞིང་ལུགས་མཐུན་བེད་སྤྱོད་འགན་ལེན་བྱེད་པ། གྲོང་ཁྱེར་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་བཅས་ཀྱི་འགག་རྩའི་བྱེད་ཐབས་ཤིག་ཡིན་པས། ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་བས་མཐོ་རུ་གཏོང་དགོས་པ་དང་།“གཉིས་འགལ་”བཅོས་སྒྲིག་གི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ལས་འགན་སྒྲུབ་སེམས་དང་དུས་གཏུག་གི་བསམ་པ་ཏན་ཏིག་ཆེ་རུ་གཏོང་བ། རྒྱུན་ཆད་མེད་པར་ནུས་ཤུགས་འདོན་ནས་སྙིང་རུས་གཏན་འཁྱོངས་བྱེད་པ།“གཉིས་འགལ་”བཅོས་སྒྲིག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱེད་ནས། ཆབ་མདོའི་འཕེལ་རྒྱས་ཀྱི་རྨང་གཞི་སྲུང་སྐྱོང་བྱ་དགོས་པའི་ནན་སྟོན་གནང་ཡོད།

ལའོ་ཆིན་འུའུ་ཡིས་འབྲེལ་ཡོད་སྡེ་ཚན་གྱིས་འགན་ནུས་དང་འགན་འཁྲིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། འགན་འཁྲིའི་ལས་བགོས་ཁ་གསལ་བྱེད་པ། མཉམ་ལས་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ལག་བསྟར་ནན་པོ་བྱེད་པ། ས་ཞིང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། འཛུགས་སྐྲུན་ཞིབ་མཆན་གོ་རིམ་ཚད་ལྡན་བཟོ་བ། མཉམ་འབྲེལ་གྱི་ཁྲིམས་འཛིན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱེད་ནས་བཅོས་སྒྲིག་གི་མཉམ་ཤུགས་ཆགས་པ་བྱེད་དགོས། ལས་པ་དང་མི་ལས་པའི་དབྱེ་མཚམས་ཁ་གསལ་བྱས་ཏེ། ཧུར་བརྩོན་གྱིས་ལས་སྒྲུབ་པ་དང་རང་འགུལ་ངང་འགན་འཁུར་བ། “གཉིས་འགལ་”བཅོས་སྐྱོང་ལས་ཀའི་ཁྲོད་དཔའ་བོས་ལག་པ་བཅད་པའི་ཆོད་སེམས་ལྟར། “གཉིས་འགལ་”བྱ་སྤྱོད་ལ་ཐར་པར་གཏན་ནས་མི་གཏོང་བ་དང་། ཐོན་མ་ཐག་ཞིབ་བཤེར་ཐག་གཅོད་བྱེད་པ། དགོས་པའི་ལས་ཀ་མི་སྒྲུབ་པ་དང་གཡོ་ལས་བྱེད་པ། མི་དགོས་པའི་ལས་རྙོག་བཟོ་བ་བཅས་ཀྱི་སྣང་ཚུལ་མཐའ་གཅིག་ཏུ་གཏན་འགོག་བྱས་ཏེ། བཅོས་སྐྱོང་ལས་ཀའི་ཁྲོད་དུ་རང་འགན་གཞན་དཀྲི་དང་། ཁྲལ་སེལ་སླ་བཅོས། དབང་ཆར་བརྟེན་ནས་སྒེར་དོན་གཉེར་བ་བཅས་ཀྱི་བྱ་སྤྱོད་འབྱུང་བར་གཏན་འགོག་བྱ་དགོས་པའི་ནན་གསུང་གནང་ཡོད།

ལའོ་ཆིན་འུའུ་ཡིས་ལམ་ལུགས་འགན་སྲུང་ནི་“གཉིས་འགལ་”ཁོར་ཡུག་བཅོས་སྐྱོང་བྱེད་པའི་འདེགས་སྐྱོར་གལ་ཆེན་ཞིག་རེད། འགན་འཁྲིའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ལྟ་སྐུལ་མཛུབ་ཁྲིད་ལམ་སྲོལ་འཐུས་ཚང་དུ་གཏོང་བ། འགོ་ཁྲིད་རྩ་འཛུགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། “གཉིས་འགལ་”བཅོས་སྒྲིག་ལས་དོན་ལ་ཕན་འབྲས་དངོས་ཐོན་རྒྱུའི་འགན་ལེན་བྱེད་དགོས། དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་དཔེ་མཚོན་གྱི་གྱོད་དཔེ་དམར་འདོན་དང་ཁྲིམས་ལུགས་ཁྱབ་སྤེལ་དྲིལ་བསྒྲགས་སྤེལ་བ་བརྒྱུད་དེ་“འགལ་མི་ཕོད་པ་དང་འགལ་མི་རུང་བའི་”སྤྱི་ཚོགས་ཀྱི་རྣམ་པ་ཆགས་པར་བྱེད་ནས། ཤེས་དཔལ་འཆམ་མཐུན་གྱི་དེང་རབས་ཅན་གྱི་ཆབ་མདོ་གསར་པ་འཛུགས་རྒྱུར་བར་སྟོང་འགན་སྲུང་འདོན་སྤྲོད་བྱ་དགོས་པའི་ནན་བཤད་་གནང་ཡོད།