འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས31ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་ཆབ་མདོ་གྲོང་ཁྱེར་སྲིད་གཞུང་ཏང་ཙུའི2025ལོའི་ལོ་འཁོར་གྱི་(རྒྱ་ཆེ)ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་དང་ཡུན་ནན་དུ་བརྟག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། སྲིད་གཞུང་ཁོངས་གཏོགས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།
ཝེ་ཤིན་ཀུའེ་དང་། ཀྲང་ཅན་ཧྭ། ལིའུ་གོ་ཅན་བཅས་ཚོགས་འདུ་ཞུགས་ཡོད།
ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་དང་ཡུན་ནན་དུ་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།“དོན་ཆེན་བཞིར”དམ་པོར་དམིགས་པ་དང་།“འཛུགས་གཏོད་བཞིར”ཤུགས་རྒྱག་པ། གཞི་གཅིག་ཏུ་སློབ་སྦྱོང་བྱས་ཏེ་གོ་བ་ལེན་པ་དང་། གཞི་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ནས་ལྷག་བསམ་རྣམ་དག་གིས“གཏན་འཁེལ་གཉིས”བརྩི་བཀུར་ཞུ་བ་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱ་རྒྱུ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་དངོས་ཐོག་མཚོན་པར་བྱེད་དགོས། ཐོན་ལས་ཕྱོགས་སྒྱུར་རིམ་སྤར་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། ཐོན་ལས་གསོ་སྐྱོང་དང་། ཐོན་ལས་འཕེལ་རྒྱས། ཐོན་ལས་ཆེར་གཏོང་བཅས་ཀྱི་གནས་བབ་གལ་ཆེན་དུ་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། “3+1+1”ཀྱི་ལས་འགན་གལ་ཆེན་ལ་གཞི་ཚུགས་ནས། ཆབ་མདོའི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ཐོན་རྫས་ཀྱི་སྤུས་རྟགས་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། ཆབ་མདོའི་ཐོན་ཁུངས་ཐོན་རྫས་སུ་འགྱུར་བ་དང་། ཐོན་རྫས་ཚོང་ཟོག་ཏུ་འགྱུར་བ། ཚོང་ཟོག་སྤུས་རྟགས་སུ་འགྱུར་བ་བཅས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། རིག་གནས་ལ་བརྟེན་ནས་ཡུལ་སྐོར་གཏོད་པ་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཇ་རྟའི་གནའ་ལམ་དང་རྒྱལ་ལམ349ཡི་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ནས། མཛེས་ལྗོངས་ཁུལ་གྱི་དོ་དམ་ནུས་པ་དང་ཡུལ་སྐོར་བ་སྣེ་ལེན་བྱེད་པའི་ཆུ་ཚད་མཐོ་རུ་བཏང་སྟེ། “ཁོངས་བརྒལ་ཡུལ་སྐོར”དེ“ཟ་འདུག་འཆམ་གསུམ”ཕྱོགས་སུ་གཞི་གཅིག་ཏུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། མང་ཚོགས་ལ“ཡུལ་སྐོར་ཟས”ཟ་རྒྱུ་ཡོད་པ་དང་ཁོང་རྣམས་ཕྱུག་འགྱུར་ལམ་བུར་བསྐྱོད་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་ཡོད།