“མཁའ་དབྱིངས་ཀྱི་སྐར་ཚོགས་ཇི་བཞིན་སྒོར་གཞས་འགྱུར་ཁུག་མང་བ་དང་། རི་སྟེང་གི་ལྗོན་ཤིང་ལྟར་སྐོར་བྲོར་ཚིག་མང་བ། འབྲི་གཡག་གི་སྤུ་ལྟར་སྒོར་གཞས་སྟངས་སྟབས་མང”ཞེས་མི་རྣམས་ཀྱིས་སྒོར་གཞས་ནང་དོན་ཕུན་སུམ་ཚོཊ་པོ་ཡོད་པར་བསྔགས་བརྗོད་བྱེད་ཀྱི་ཡོད།
བོད་ཀྱི་ས་ཕྱོགས་ཁག་གི་སྒོར་གཞས་ལ་རང་སོ་སོའི་ཁྱད་ཆོས་རེ་ལྡན་ཡོད་རུང་། ཆབ་མདོའི་སྐོར་བྲོར་དེ་བས་སྐད་གྲགས་ཆེན་པོ་ཡོད།
སྒོར་གཞས་ནི་བོད་རིགས་ཀྱི་གླུ་གར་ཆེ་གྲས་གསུམ་གྱི་གྲས་ཤིག་ཡིན་ཞིང་། ཆབ་མདོའི་སྐོར་བྲོ་ལ་དབྱེ་ན་ཆོས་ལུགས་ཀྱི་མཆོད་འབུལ་བྱེད་སྒོ་ཆེ་གྲས་སྐབས་ཀྱི་སྐོར་བྲོ་ཆེ་བ་དང་། དམངས་ཁྲོད་སྲོལ་རྒྱུན་དུས་ཆེན་སྐབས་ཀྱི་སྐོར་བྲོ་འབྲིང་བ། དགའ་ཉེ་སྤུན་མཆེད་འཛོམས་དུས་ཀྱི་སྐོར་བྲོ་ཆུང་བ་བཅས་ཁག་གསུམ་ཡོད་པ་དེ་དག་གི་གཞི་ཁྱོན་ཚང་མ་འདྲ་གི་མེད་ལ། སྐོར་བྲོའི་སྒྱུ་རྩལ་གྱི་མཚོན་ཚུལ་ཡང་འདྲ་མིན་སྣ་ཚོགས་ཡོད་ཅིང་། ངལ་རྩོལ་དང་འཚོ་བའི་ནང་དོན་མཚོན་པའི་སྒོར་གཞས་ལ“བལ་གྱི་སྒོར་གཞས”དང་། གཉེན་སྟོན་མཚོན་པའི་སྒོར་གཞས་ལ“བཀྲ་ཤིས་སྒོར་གཞས” འཚོ་བའི་སྤྲོ་སྣང་མཚོན་པའི་སྒོར་གཞས་ལ“རི་བོང་གི་སྒོར་གཞས” དེ་མིན“ཆང་གིས་མྱོས་པའི་སྒོར་གཞས”ཞེས་པ་སོགས་ཡོད།
དུས་ཆེན་དང་། རྟེན་འབྲེལ། གཉེན་སྒྲིག་དགའ་སྟོན་བཅས་ཀྱི་དུས་སུ་ཐང་ཆེན་དང་སྒོ་རའི་ནང་སྐྱེས་ཕོ་མོ་རྣམས་སྒོར་སྒོར་དུ་བསྡད་ནས་གླུ་ལེན་གར་འཁྲབ་བྱེད། དེའི་ཁྲོད་ཀྱི་མི་ཞིག་གིས་གཞས་སྣེ་ཁྲིད་པ་དང་ཕོ་མོ་རམ་འདེགས་བྱས་ནས་གཞས་གཏོང་བ་ལས་རམ་དཀྲོལ་རོལ་ཆ་མེད། ཆབ་མདོའི་སྐོར་བྲོ་ནི་དལ་པོ་ནས་རིམ་བཞིན་མགྱོགས་སུ་གཏོང་བ་དང་སྟངས་སྟབས་ཐད་སྟག་མོ་ཐུར་དུ་མཆོང་བ་དང་། རྒོད་པོ་ནམ་མཁར་ལྡིང་བ། རྨ་བྱས་སྒྲོ་གུར་ཕུབ་པ་སོགས་ཀྱི་ཉམས་འགྱུར་ལྡན་པ་དང་ལུས་ཀྱི་སྟངས་སྟབས་དང་སེམས་ཀྱི་སྤྲོ་སྣང་གཅིག་གྱུར་ཡོང་བ་བྱེད་ཀྱི་ཡོད།
སྒོར་གཞས་འཆམ་སའི་དབུས་སུ་རྒྱུན་དུ་ཆང་དང་ཁ་བཏགས་འཇོག་གི་ཡོད་པ་དང་སྒོར་གཞས་འཁྲབ་རྗེས། རྒན་རབས་ཚོ་དང་སྒྲིག་འཛུགས་མཁན་གྱིས་ཞིམ་མངར་མཆོད་ཆང་བཏེགས་པ་དང་མཇལ་དར་གཡོགས་ཏེ་སྨོན་འདུན་ཞུ་སྲོལ་ཡོད།
ཆབ་མདོའི་སྒོར་གཞས་ནང་ཕོ་མོ་རྒན་དར་གཞོན་གསུམ་ཞུགས་ཆོག་ཅིང་། བྲོ་རར་ཞུགས་པ་དང་ཕྱིར་ཐོན་པ་རང་མོས་ཡིན་རུང་། བྲོ་དཔོན་ནམ་བྲོ་འགོ་འཛིན་མཁན་ཡིན་ཕྱིན་རང་དགར་དོན་མི་ཆོག་ལ་ཡིན་གཅིག་དོན་དགོས་བྱུང་ཚེ་ཚང་མའི་འདོད་མོས་ལྟར་སྐད་སྙན་ཞིང་གཞས་ཚིག་ལ་མཁས་པ་ཞིག་ཚབ་འདེམས་བྱེད་དགོས། སྒོར་གཞས་དེ་རྒྱ་ཆེའི་མང་ཚོགས་ཚོས་ཧ་ཅང་དགའ་པོ་བྱེད་པ་དང་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དོན་ནི་དེར་ས་ཆ་དང་།དུས་ཚོད།མི་གྲངས་བཅས་ཀྱི་ཚོད་འཛིན་མི་ཕོག་པའི་དབང་གིས་ཡིན། དགའ་སྟོན་དུས་ཆེན་དང་ནམ་རྒྱུན་ཡང་འཁྲབ་ཆོག་པ་དང་། ཞིང་འབྲོག་ས་ཁུལ་དང་། གྲོང་ཁྱེར་དང་གྲོང་རྡལ། ཁང་པའི་ཕྱི་ནང་གང་སར་འཁྲབ་ཆོག་ལ། མི་ཁ་ཤས་ཀྱིས་འཁྲབ་ཆོག་པ་དང་མི་སྟོང་ཕྲག་ཀྱང་མཉམ་དུ་འཁྲབ་ཆོག་གི་ཡོད།
སྤྱིར་སྒོར་གཞས་སྟངས་སྟབས་བདེ་ལྕག་འཁྱུག་ལ་ཉམས་འགྱུར་དོད་པོ་ཡོད་པའི་ཐོག་ནས་བོད་རིགས་མི་དམངས་ཀྱི་གཞུང་དྲང་བབ་ཆགས་དང་། དཔའ་ངར་ཆེ་ཞིང་ལས་ལ་བརྩོན་པ། སྤྲོ་སྣང་ལྡན་པ་བཅས་ཀྱི་གཤིས་རྒྱུད་མཚོན་པ་མ་ཟད། ལུས་པོའི་འགུལ་ཤུགས་ཆེ་བས་ལུས་རྩལ་ཞབས་བྲོའི་སྦྱོང་བརྡར་གྱི་རིན་ཐང་དང་ལུས་སྦྱོང་གི་རིན་ཐང་ལྡན་ཡོད། འཁྲབ་སྟོན་པའི་རྒྱན་གོས་དང་འགྱུར་ཁུག་ཡིན་ནའང་འདྲ་ཡང་ན་འཁྲབ་སྟོན་བྱེད་སྐབས་ཀྱི་སྟངས་སྟབས་གང་ཞིག་གི་ཐོག་ནས་ཀྱང་བོད་ཀྱི་དམངས་ཁྲོད་ལུས་རྩལ་གྱི་ཉམས་འགྱུར་དང་སྐོར་བྲོའི་ལུས་སྦྱོང་ནུས་པ་མངོན་གསལ་དོད་པོ་ཡོད་པ་མཚོན་གྱི་ཡོད།
སྒོར་གཞས་ནི་དམངས་ཁྲོད་ཀྱི་གནའ་བོའི་གླུ་གར་ཞིག་ཡིན་ཞིང་། བཙན་པོའི་དུས་ནས་དར་བར་གྲགས། ས་གནས་དེ་གར་ད་དུང་སྐོར་བྲོའི་སྐོར་ལ་ཤོད་རྒྱུན་གཞན་ཞིག་ཡོད་པ་སྟེ། གནའ་སྔ་མོ་མི་རྣམས་ཉིན་གང་ལས་ལ་བྲེལ་ཏེ་ཉོབ་ནས་སྡོད་པ་ལས་སྤྲོ་སྣང་ཕྲན་ཙམ་ཡང་མེད། ཡུལ་དཔོན་ཞིག་ལ་སྤྱང་གྲུང་ལྡན་པའི་བྲན་གཡོག་གཉིས་ཡོད་ལ་གཅིག་གི་མིང་ལ་པི་ཝང་དང་། ཅིག་ཤོས་དེའི་མིང་ལ་སྒོར་གཞས་ཞེས་བརྗོད། ཉིན་ཞིག་ཁོ་གཉིས་ཕྱིར་འགྲོ་བའི་ལམ་བར་དུ་གློ་བུར་དུ་མཛེས་སྡུག་ལྡན་པའི་མཚེའུ་ཞིག་གི་འགྲམ་དུ་སླེབས་པས་པི་ཝང་དགའ་ཚོར་ཆེན་པོ་བྱུང་ ནས་ཆུའི་རྦ་རླབས་དང་བསྟུན་ནས་ཞབས་བྲོ་འཁྲབ་ཡོད། དུས་དེ་ནས་བཟུང་ཁོ་གཉིས་ཀྱིས་དེ་གར་ཞབས་བྲོ་འཁྲབ་ནས་སྤྲོ་སྣང་འཕེལ་ཐབས་བྱེད་ཀྱི་ཡོད། ཡུན་རིང་མ་སོང་བར་གནས་ཚུལ་དེ་ཡུལ་དཔོན་གྱིས་ཤེས་ནས་པི་ཝང་དང་སྐོར་བྲོར་སྤྲོ་སྣང་འཕེལ་བའི་ཐབས་ཤེས་དེ་ཇི་མ་ཇི་བཞིན་འབྲི་དགོས་པའི་བཀའ་ཕབ་པ་དང་། དེ་རྗེས་ཁོང་གཉིས་དམར་གསོད་བཏང་ཡོད། འོན་ཀྱང་ཞབས་བྲོར་བརྟེན་ནས་སྤྲོ་སྣང་འཕེལ་ཐབས་བྱེད་པ་དེ་ས་གནས་གང་སར་ཁྱབ་ཡོད། རྗེས་སུ་མི་རྣམས་ཀྱིས་པི་ཝང་དང་སྐོར་བྲོར་དྲན་གསོ་ཞུ་ཆེད་པི་ཝང་ལ་བརྟེན་ནས་འཁྲབ་པའི་ཞབས་བྲོར"པི་ཝང་ཞབས་བྲོ"དང་མི་རྣམས་སྒོར་སྒོར་བྱས་ཏེ་འཁྲབ་པའི་ཞབས་བྲོར"སྒོར་གཞས"ཞེས་བརྗོད་པར་གྲགས།