འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས19ཉིན་གྱི་སྔ་དྲོར། ངེད་གྲོང་ཁྱེར་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ལག་བསྟར་དོན་འཁྱོལ་བྱེད་པའི་བཀོད་སྒྲིག་ཚོགས་འདུ་དང་གྲོང་ཁྱེར་ཡོངས་ཀྱི་ཟླ1-2བར་གྱི་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ཚོགས་འདུ་འཚོགས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཚོགས་འདུ་གཙོ་སྐྱོང་ཞུས་པ་མ་ཟད་གསུང་བཤད་ཀྱང་གནང་བ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ཝེ་ཤིན་ཀུའེ་དང་། ཀྲང་ཅན་ཧྭ། ལིས་གོ་ཅན་བཅས་ཞུགས་ཡོད།
ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་སྤྱི་འདོམས་བྱ་རྒྱུར་མཐའ་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་དང་“ལྡན་དགོས་པ་གསུམ་པ་དང་ཕན་འདོགས་པ་གཅིག”གི་བླང་བྱ་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཏན་ཏིག་ཆེ་རུ་གཏོང་དགོས་ཅེས་བསྟན།
ལའོ་ཆིན་འུའུ་ཡིས་བསམ་བློ་གཅིག་གྱུར་དང་ཚུགས་གནས་མཐོ་རུ་བཏང་སྟེ་འབྲེལ་ཡོད་དམིགས་ཚད་ལས་འགན་གོ་རིམ་ལྡན་པའི་སྒོ་ནས་སྐུལ་སྤེལ་གཏོང་ཐུབ་པར་བརྩོན་ལེན་བྱེད་དགོས། བཀོད་གཏོང་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱོད་ཚུལ་དམ་དུ་འཛིན་པ་དང་། བཀོད་གཏོང་གྲངས་ཀ་དང་ནུས་པ་ཆེ་རུ་བཏང་ནས་ལས་དོན་ཁག་ལ་སེམས་ནང་གདེང་ཚོད་ཡོད་པ་དང་། ལག་ནང་ཇུས་གཞི་ཡོད་པ། བྱ་སྤྱོད་ནུས་པ་ལྡན་པ་བཅས་བྱེད་དགོས། ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ནན་ཏན་ངང་ལྟ་ཞིབ་བྱས་ཏེ་དོན་དག་སྒྲུབ་མཁན་དང་། འགན་འཁྲི་འཁུར་མཁན། བརྒྱུད་རིམ་ལ་དཔྱད་དཔོག། དུས་རིམ་རེར་ཕྱོགས་བསྡོམས། ལོ་མཇུག་ལ་ཉམས་དཔྱད་བཅས་ཡོད་པ་བྱེད་དགོས་པའི་ནན་བཤད་གནང་ཡོད།
ལའོ་ཆིན་འུའུ་ཡིས་འབྲེལ་ཡོད་འགན་འཁུར་བར་ད་ཐེངས་ཀྱི་བརྟག་ཞིབ་གོ་སྐབས་སུ་བརྩིས་ནས་གནད་དོན་གྱི་ཁྲིད་སྟོན་དང་དམིགས་ཚད་ཀྱི་ཁྲིད་སྟོན་མཐའ་འཁྱོངས་དང་། ཚན་པའི་མཐུན་སྦྱོར་དང་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚད་གཞི་དེ་བས་མཐོ་བ་དང་བྱེད་ཐབས་དེ་བས་ནན་པར་བརྟེན་ནས་ཆབ་མདོའི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མི་དམངས་བློ་ཡིད་མགུ་བའི་སློབ་གསོ་ཡག་པོ་གཉེར་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་མངགས་བཅོལ་གནང་ཡོད།