འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་བོད་ཀྱི་འཐུས་མི་ཚོགས་པས་བཞུགས་གནས་སུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། བོད་ཀྱི་འཐུས་མི་ཚོགས་པའི་གསར་འགྱུར་མགྲིན་ཚབ་པ་ལི་ཡ་ལིན་གྱིས་འབྲེལ་ཡོད་གནས་ཚུལ་དག་གསར་འགྱུར་ཐོག་ནས་ཁྱབ་བསྒྲགས་གནང་བ་རེད།
མགྲིན་ཚབ་པས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་མཁན་བོད་ཀྱི་འཐུས་མི་ཚོགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁྱོན་25ཡོད་པ་དག་ནི་རྒྱ་རིགས་དང་། བོད་རིགས། མོན་པ་རིགས། ལྷོ་པ་རིགས་སོགས་མི་རིགས་མང་པོ་ལས་གྲུབ་ཅིང་། མི་རིགས་ཁག་དང་། རིགས་ཁོངས་ཁག ལས་རིགས་ཁག་སོགས་ཁྱབ་ཁོངས་མང་པོར་ཁྱབ་ཡོད། འཐུས་མི་ཚོགས་པས་ཟླ་3ཚེས་3ཉིན་འབྱོར་ཐོ་བཀོད་པ་ནས་ད་བར།འཐུས་མི་ཡོངས་ཀྱིས་ཚོགས་ཆེན་གྱི་གྲོས་རིམ་ཁག་དང་ཉིན་རེའི་བཀོད་སྒྲིག་ཁག་དོན་འཁྱོལ་ནན་ཏན་གནང་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་ལག་ལེན་ནན་ཏན་བསྟར་བ་དང་། ལྷག་བསམ་ཟོལ་མེད་དང་བབ་ཆགས་ཀྱི་གསུང་སྐད་ཐོག་ནས་ཚོགས་ཆེན་ལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་360ལྷག་ཙམ་གྱི་འབོད་སྒྲ་བརྒྱུད་བསྒྲགས་གནང་སྟེ། ཚོཌ་ཆེན་ཕུན་སུམ་ཚོགས་པའི་ངང་འཚོག་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད་ཅེས་ངོ་སྤྲོད་གནང་།
མགྲིན་ཚབ་པས། ད་ཐེངས་ཀྱི་ཚོགས་ཆེན་མ་འཚོགས་གོང་། བོད་ཀྱི་འཐུས་མི་ཚོགས་པའི་འཐུས་མི་ཁག་གཞི་རིམ་དང་། འཐབ་ས་མདུན་མ། ལས་ཡུལ་དངོས་བཅས་སུ་ཕེབས་ནས་བརྟག་ཞིབ་རྒྱ་ཁྱབ་གནང་བ་དང་། ངོ་ཐུག་གདོང་འཕྲད་ཀྱིས་མི་རིགས་ཁག་གི་མང་ཚོགས་ལ་འཕྲལ་མཁོ་གང་ཆེ་བ་དང་། མང་ཚོགས་ཀྱི་རེ་སྒུག་དང་འདུན་པ་སོགས་ཤེས་རྟོགས་གནང་ཡོད། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ད་དུང་གནས་ཚུལ་བརྡ་ཁྱབ་དང་སློབ་སྦྱོང་གསོ་སྦྱོང་སོགས་ཆེད་མངགས་སྒྲིག་འཛུགས་བྱས་ནས་འཐུས་མིས་རིན་ཐང་ལྡན་པའི་གྲོས་ཞིབ་ཀྱི་བསམ་འཆར་དང་། སྤུས་ཚད་མཐོ་བའི་གྲོས་གཞིའི་གྲོས་འགོ་འདོན་རྒྱུར་གྲ་སྒྲིག་ཞིབ་ཚགས་བྱས་ཡོད་ཅེས་གསུངས། མིག་སྔའི་བར། བོད་ཀྱི་འཐུས་མི་ཚོགས་པར་འབྱོར་བའི་བསམ་འཆར་དང་གྲོས་འགོ་དག་རྣམ་གྲངས་འཛུགས་སྐྲུན་དང་། སྐྱེ་ཁམས་སྲུང་སྐྱོང་། ཁྲིམས་སྐྱོང་འཛུགས་སྐྱོང་། དམངས་འཚོའི་འདུ་འགོད། རིག་གནས་སྲུང་སྐྱོང་སོགས་དང་འབྲེལ་བ་ཡོད་པ་རེད།
མགྲིན་ཚབ་པས། ཟླ་3ཚེས་5ཉིན་གྱི་ཕྱི་དྲོ་ནས་ཟླ་3ཚེས་7ཉིན་གྱི་ཕྱི་དྲོའི་བར། འཐུས་མི་ཚོགས་པས་ཁྱོན་ཚང་འཛོམས་གྲོས་ཚོགས་ཐེངས་5འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་ཞིང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་འཐུས་མིའི་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་གནང་བ་མ་ཟད། འཆར་གཞིའི་སྙན་སྒྲོན་དང་འཆར་ཟིན། སྔོན་རྩིས་སྙན་སྒྲོན་དང་འཆར་ཟིན་ལ་ཡང་ཞིབ་བཤེར་གནང་ཡོད་ཅེས་གསུངས། ཟླ་3ཚེས་6ཉིན་གྱི་སྔ་དྲོར། བོད་ཀྱི་འཐུས་མི་ཚོགས་པས་ཚོགས་པ་དང་ཚོགས་ཆུང་སྒོ་དབྱེའི་བྱེད་སྒོ་སྤེལ་ཏེ་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་དྲི་ལན་བསྐྱོན་པ་དང་། རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་59དང་གསར་འགོད་པ་99ཡི་བཅར་འདྲི་འཕྲིན་སྤེལ་དང་ལེན་གནང་ཡོད། བྱེད་སྒོ་སྤེལ་རིང་། འཐུས་མི་ཚོས་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་། དམངས་འཚོ། ནུས་རྒྱུ་གཙང་མ། དིང་རིའི་ས་ཡོམ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་སོགས་གླེང་མང་བའི་གནས་ཚུལ་ལ་ལན་བསྐྱོན་ཡོད།