འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས5ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་དུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། ཆབ་མདོ་གྲོང་ཁྱེར་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་བརྙན་འཕྲིན་དང་། དྲ་རྒྱ། ཁ་པར་བཅས་བྱ་ཐབས་སྣ་ཚོགས་བརྒྱུད་ནས་ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོ་གཟབ་རྒྱས་ལྟ་ཉན་བྱས་ཡོད།
ཉིན་དེར། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པད་མ་དབང་འདུས་དང་། གྲོང་ཁྱེར་གྱི་འགོ་ཁྲིད་ཀྲོང་ཅིན་སུང་དང་། ལིས་པིང་། ཀྲའོ་པིང་། ཝང་ཧྲི་ཡུས། ཅཱ་ཤིན་ཡུས། ཅེ་ཝུན་ཀོང་། སྒྲོལ་དཀར། ཉི་མ་ཚེ་རིང་། ཧུའུ་ཏན་ཧྥུའུ་བཅས་ཀྱིས་ཆབ་མདོ་གྲོང་ཁྱེར་བརྟན་ལྷིང་སྲུང་སྐྱོབ་བཀོད་འདོམས་ལྟེ་གནས་སུ་གཅིག་སྡུད་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་འགོ་ཚུགས་མཛད་སྒོ་ལ་ལྟ་ཉན་བྱས་ཡོད།སྔ་དྲོའི་ཆུ་ཚོད་དགུ་པའི་ཐོག་ཚོགས་ཆེན་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ནས་འགོ་ཚུགས་ཤིང་། ཆབ་མདོ་གྲོང་ཁྱེར་བརྟན་ལྷིང་སྲུང་སྐྱོབ་བཀོད་འདོམས་ལྟེ་གནས་ཀྱི་འགོ་ཁྲིད་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་ནན་ཏན་ངང་གསན་པ་མ་ཟད་སྐབས་སྐབས་སུ་ཟིན་བྲིས་ཞིབ་ཕྲ་འབྲི་བཞིན་ཡོད། ཚང་མས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱིས་འདས་ཟིན་པའི་ལོ་གཅིག་རིང་གི་བྱ་གཞག་ཁག་གི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གསར་པར་ཕྱོགས་ཡོངས་ནས་ཕྱིར་དྲན་བྱས་པ་དང་། ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་། སྲིད་ཇུས་ཁ་ཕྱོགས་དེ་བཞིན་སྲིད་གཞུང་གི་ལས་དོན་འགན་འཁྲི་བཅས་ཁ་གསལ་བཟོས་ཡོད་པས། དེ་ནི་དངོས་འཛིན་དངོས་སྒྲུབ་དང་། མི་སེམས་ལ་སྐུལ་མ་ཐེབས་པ། སྟོབས་ཤུགས་གཅིག་སྒྲིལ་གྱི་སྙན་སྒྲོན་ཡག་པོ་ཞིག་རེད། སྙན་སྒྲོན་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་མེད་པའི་གསོན་ཤུགས་དང་གསར་གཏོད་ནུས་པ་མཚོན་པ་དང་། ལས་བྱེད་མང་ཚོགས་ཀྱིས་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་ཡིད་ཆེས་དང་སྟོབས་ཤུགས་ལ་སྔར་བས་སྐུལ་སློང་ཐེབས་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད་ཡོད།
ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་བཀོད་འདོམས་ལྟེ་གནས་ཀྱི་ཀྲུའུ་རེན་ལིས་ཕིང་གིས“ཙུང་ལི་ལི་ཆང་གིས་གནང་བའི་སྙན་སྒྲོན་གྱི་སྤྱི་ཡོངས་ལ་དམིགས་པ་དང་། འགག་རྩ་ཁོང་དུ་ཆུད་པ། དམངས་འཚོར་ཁ་ཕྱོགས་པ་ཞིག་རེད། སླད་ཕྱིན་ངས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས་འགན་འཁྲིའི་རྩ་དོན་ཧུར་ཐག་ལག་བསྟར་གྱིས་ལང་ཚོའི་ལེའུ་འབྲི་རྒྱུ་ཡིན”ཅེས་སེམས་འགུལ་ཚད་མེད་ཐེབས་བཞིན་བརྗོད་པ་རེད།
གྲོང་ཁྱེར་དམངས་འཐུས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཁང་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཀའོ་ཅིན་ལུང་གིས“དམངས་འཐུས་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ངས་གཏན་འཁེལ་གཉིས་མཐའ་གཅིག་ཏུ་བརྩི་སྲུང་བྱེད་པ་དང་། སྲུང་སྐྱོབ་གཉིས་མཐའ་གཅིག་ཏུ་ཐུབ་པ་བཅས་བྱས་ཏེ་ལམ་ལུགས་ཀྱི་ཡིད་ཆེས་སྔར་བས་བརྟན་དུ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ཏེ་ལས་གནས་ཀྱི་འགན་འཁྲི་ལག་ལེན་བསྟར་བ་དང་། ལས་དོན་དོན་འཁྱོལ་ཡོང་བར་དམ་འཛིན་བཅས་བྱས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱ་རྒྱུ་ཡིན”ཞེས་བཤད།
ཆབ་མདོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་པུའུ་བདུན་པའི་ཀྲུའུ་རེན་རིམ་པ་བཞི་པའི་མཐོ་རིམ་ཞིབ་དཔྱོད་དཔོན་བྱམས་པ་ཆོས་གྲགས་ཀྱིས“སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཉན་རྗེས། ང་ཚོས“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར”འཛུགས་སྐྲུན་བྱེད་པའི་ལས་ཀའི་དམིགས་ཚད་ལ་དམ་པོར་དམིགས་ནས། ཞིབ་དཔྱོད་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་།མི་དམངས་ཀྱི་དོན་དུ་ཁྲིམས་བསྟར་བྱེད་པ། ཁྲིམས་སྐྱོང་གི་འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ཤུགས་རྒྱག་སར་བརྩིས་ཏེ། ལྟེ་བའི་ཡན་ལག་གྲོང་ཁྱེར”འཛུགས་སྐྲུན་ལ་རམ་འདེགས་བྱ་རྒྱུ་དང་། དམངས་ཀྱི་དོན་དུ་ལས་དོན་སྒྲུབ་པ། མང་ཚོགས་ཀྱི་འཚོ་བར་སྲུང་སྐྱོང་བྱ་རྒྱུ་ཡིན”ཞེས་བཤད།
ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་ཆབ་སྲིད་པུའི་ཀྲུའུ་རེན་ལིའུ་ཀྲིན་པིན“ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མེ་ཟོན་རོགས་སྐྱོབ་རུ་ཁག་ལ་གནང་བའི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ། ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཐོག་ནས། མི་དམངས་མང་ཚོགས་ཀྱི་མཚན་སྲུང་བ་ཡག་པོ་ཞིག་བྱ་རྒྱུ་ཡིན”ཞེས་བཤད།
ཆབ་མདོ་གྲོང་ཁྱེར་བྱམས་པ་གླིང་དགོན་གྱི་གྲྭ་པ་ཚེ་རྡོར“དེ་རིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིན་དུ་འཚོགས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་གནང་བའི་སྲིད་གཞུང་ལས་དོན་སྐོར་གྱི་སྙན་ཞུའི་ནང་། འདས་ཟིན་པའི་ལོ་གཅིག་རིང་གི་རྒྱལ་ཡོངས་ཀྱི་དཔལ་འབྱོར་དང་དམངས་འཚོ་སོགས་ཀྱི་ཐད་ཐོབ་པའི་གྲུབ་འབྲས་ཁྱོན་ཡོངས་ནས་ཕྱོགས་བསྡོམས་བྱས་ཡོད་ལ། 2025ལོའི་ལས་དོན་ཁག་ལའང་ཁ་ཕྱོགས་གསལ་པོ་བསྟན་ཡོད། ཆོས་ལུགས་ལས་རིགས་ཀྱི་མི་སྣ་ཞིག་ཡིན་པའི་ངོས་ནས། ངས་ཐེངས་འདིའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ཡག་པོ་བྱེད་པ་མ་ཟད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་མི་རིགས་མཐུན་སྒྲིལ་སྲ་བརྟན་དུ་གཏོང་བའི་ཐད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་ངེས་ཡིན”ཞེས་བཤད།