འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ2པའི་ཚེས25ཉིན་བྲག་གཡབ་རྫོང་བྱམས་མདུན་གྲོང་རྡལ་གྱིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། ཐེངས་འདིའི་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་གསར་རྐྱང་ཡིན་པས་མང་ཚོགས་དང་ལས་རིགས་ཁག་གི་མི་སྣ་མང་པོ་ཞིག་ཧུར་ཐག་ངང་ཞུགས་པ་དང་། དེ་གར་དགའ་སྤྲོའི་རྣམ་པས་ཁེངས་བཞིན་ཡོད་པ་རེད།
རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་གཏམ་བཤད་དང་། ཡིག་གཟུགས། གཏམ་བཤད་གྱེར་ཀློག་སོགས་ཀྱི་འགྲན་སྡུར་ཡུལ་དངོས་སུ་འགྲན་ཞུགས་པ་ཚོ་བསམ་པའི་ཉམས་མྱུར་གྱིས་ཁེངས་ཅིང་། ཁོང་ཚོས་བརྗོད་བདེ་བའི་སྤྱི་སྐད་དང་། སེམས་འགུལ་ཐེབས་པའི་གཏམ་བཤད། གྲལ་དག་པའི་ཡིག་གཟུགས་ལ་བརྟེན་ནས་རང་ཉིད་ཀྱི་སྐད་ཆའི་ནུས་པ་གང་ལེགས་མངོན་ཡོད།
རྐང་རྩེད་སྤོ་ལོའི་ཐང་དུ་པར་ལེན་བརྩམས་ཆོས་ཀྱིས་གང་ཡོད་ལ། མཛེས་ཤིང་སྡུག་པའི་པར་རིས་ཀྱི་ལམ་ནས་བྱམས་མདུན་གྱི་རང་བྱུང་ཡུལ་ལྗོངས་དང་། མི་ཆོས་རིག་གནས་སོགས་པར་བླངས་ཏེ་མི་རྣམས་ལ་བྱམས་མདུན་གྱི་མཛེས་སྡུག་དང་ངོ་མཚར་མཐོང་ཐུབ་པར་བྱས་ཡོད།