国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年03月07日

ཁ་རུབ་ཆུས་ཀྱིས“ལོ་ངོ་སྟོང་གི་ཁ་རུབ། མངོན་མིན་ཤུལ་བཞག་གིས་ ལོ་གསར་བསུ”ཞེས་པའི་བྱེད་སྒོ་གཉེར་བ།

ཀྲོང་ཅིན་སུང་ཞུགས་པ་མ་ཟད་མངོན་མིན་ཤུལ་བཞག་རིག་གནས་འགྲེམས་སྟོན་ལ་གཟིགས་པ།

ཀྲོང་ཅིན་སུང་གིས་མངོན་མིན་ཤུལ་བཞག་རིག་གནས་འགྲེམས་སྟོན་ལ་གཟིགས་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས3ཉིན་གྱི་སྔ་དྲོར། ཀྲུང་གུང་ཁ་རུབ་ཆུས་ཨུད་དང་། ཁ་རུབ་ཆུས་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི“ལོ་ངོ་སྟོང་གི་ཁ་རུབ། མངོན་མིན་ཤུལ་བཞག་གིས་ལོ་གསར་བསུ”ཞེས་པའི་བྱེད་སྒོ་དེ་ཁ་རུབ་ཆུས་ཇ་རྟ་ཐང་ཆེན་དུ་གཉེར་བ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་ས་གནས་ས་ཐོག་ཏུ་མངོན་མིན་ཤུལ་བཞག་འགྲེམས་སྟོན་གྱི་འབྲེལ་ཡོད་བྱེད་སྒོར་རྟོག་ཞིབ་དང་གཟིགས་ཞིབ་གནང་ཡོད།

གྲོང་ཁྱེར་གྱི་འགོ་ཁྲིད་ལིས་པིང་དང་། དངོས་གྲུབ་ཟླ་བ། ཝང་ཧྲི་ཡུས། ཅཱ་ཤིན་ཡུས། ཏིན་ཝུན་ཁྲང་། སྒྲོལ་དཀར། ཉི་མ་ཚེ་རིང་བཅས་ཞུགས་ཡོད།

བྱེད་སྒོའི་ཐོག་མི་ཚོགས་ཀྱི་འདུ་འཛི་ཆེ་ཞིང་ལྟད་མོ་བ་ཤིན་ཏུ་མང་པོ་ཡོད་ལ་མི་རིགས་ཁག་གི་མང་ཚོགས་ཀྱིས་སྲོལ་རྒྱུན་རིག་གནས་ཀྱི་དམིགས་བསལ་མཛེས་སྡུག་ཉམས་སུ་མྱོང་ཡོད། མངོན་མིན་ཤུལ་བཞག་རྣམ་གྲངས་ཀྱི་འགྲེམས་པང་ཐོག་ཀརྨ་སྒར་བྲིས་ལུགས་ཀྱི་ཐང་ག་དང་། ཆབ་དགོན་བྱམས་པ་གླིང་གི་མར་རྒྱན། མགུར་མོ་རོལ་རྩེད། ལྷ་སྐུ་རྡུང་བཟོའི་ལག་རྩལ། བོད་སྨན་སོགས་མངོན་མིན་ཤུལ་བཞག་རིག་གནས་ཀྱི་ཐོན་རྫས་ཁྲ་ཆིལ་དགུ་ཆིལ་ཡོད་པས་གྲོང་མི་དང་ཡུལ་སྐོར་བ་མང་པོ་ཞིག་དེ་གར་ཡོང་ནས་ལྟད་མོ་བལྟས་ཏེ་གང་སར་དུས་ཆེན་གྱི་རྣམ་པ་ཟབ་མོ་ཞིག་གིས་ཁེངས་ཡོད།

ཀྲོང་ཅིན་སུང་འགྲེམས་པང་ཁག་གི་མདུན་དུ་ཕེབས་ཏེ་མངོན་མིན་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་དང་གླེང་མོལ་བྱས་ནས་མངོན་མིན་ཤུལ་བཞག་རྣམ་གྲངས་ཀྱི་ལོ་རྒྱུས་རིག་གནས་དང་གཉེར་སྐྱོང་ཡོང་འབབ་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཆབ་མདོ་ནི་བོད་དང་། སི་ཁྲོན། མཚོ་སྔོན། ཡུན་ནན་བཅས་ཀྱི་འབྲེལ་མཚམས་སུ་གནས་ཡོད་པ་དང་། ལོ་རྒྱུས་ཡུན་རིང་ལྡན་པའི་ཇ་རྟའི་ཚོང་ལམ་གྱི་གནད་འགག་གལ་ཆེན་ཞིག་ཡིན་ཞིང་། གནའ་ནས་བཟུང་མི་རིགས་མང་པོ་འདུས་སྡོད་དང་རིག་གནས་སྣ་མང་མཉམ་གནས་ཀྱི་ས་ཁུལ་ཞིག་ཀྱང་ཡིན། ཆབ་མདོའི་མངོན་མིན་ཤུལ་བཞག་རིག་གནས་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཀྲུང་ཧྭའི་ཤེས་རིག་གིས་རྒྱུན་བསྲིང་ངང་རྒྱུན་འཛིན་བྱུང་བའི་བདེན་དབང་གསོན་པོ་ཞིག་ཀྱང་ཡིན་པས། མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་། རྒྱུན་འཛིན། བཀོལ་སྤྱོད་བཅས་བྱས་ཏེ་ལོ་རྒྱུས་རིག་གནས་ཀྱི་སྲོག་ཤིང་རྒྱུན་བསྲིང་དང་། རིག་གནས་ཀྱི་གདེང་ཚོད་བརྟན་གཏོང་། ཤེས་རིག་སྤེལ་རེས་དང་སྦྱོང་རེས་ལ་སྐུལ་འདེད། རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གྱི་ཆབ་མདོའི་ལེའུ་ཧུར་ཐག་རྩོམ་པར་དོན་སྙིང་གལ་ཆེན་ལྡན་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་བསྟར་དོན་འཁྱོལ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱས་ནས“སྲུང་སྐྱོབ་གཙོ་བོར་འཛིན་པ་དང་། མྱུར་སྐྱོབ་དང་པོར་འཇོག་པ། བཀོལ་སྤྱོད་ལུགས་མཐུན། རྒྱུད་འཛིན་འཕེལ་རྒྱས”བཅས་ཀྱི་ལས་དོན་བྱེད་ཕྱོགས་ལག་བསྟར་བྱེད་པ་དང་། མངོན་མིན་ཤུལ་བཞག་རིག་གནས་མ་ལག་རང་བཞིན་གྱི་སྲུང་སྐྱོབ་ཆུ་ཚད་ཏན་ཏིག་མཐོར་འདེགས་སུ་བཏང་སྟེ། ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་བསམ་པའི་རིག་གནས་ཀྱི་སྟོབས་ཤུགས་མཁོ་འདོན་བྱེད་དགོས་ཅེས་བསྟན།

ཀྲོང་ཅིན་སུང་གིས་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བ་ལྷན་དུ་མངོན་མིན་ཤུལ་བཞག་རིག་གནས་ཀྱི་རིག་རྩལ་འཁྲབ་སྟོན་ལ་གཟིགས་ཡོད།

ཀརྨ་སྒར་བྲིས་ལུགས་ཀྱི་གྲོང་ཁྱེར་རིམ་པའི་རྒྱུད་འཛིན་པ་བསྟན་འཛིན་ཕུན་ཚོགས་ཀྱིས“ད་ལྟ་གྲོང་ཁྱེར་དང་ཆུས་སུ་ཀརྨ་རོང་དུ་ཡུལ་སྐོར་གཏོད་བཞིན་ཡོད། ང་ཚོའི་འདི་གར་ཐང་ག་དང་། བོད་གྲི། ལྷ་སྐུ་རྡུང་བཟོ་སོགས་ཀྱི་ལག་ཤེས་བཟོ་ལས་ཡོད་པ་མ་ཟད། གཞན་ད་དུང་མཛེས་སྡུག་ཡིད་དབང་འཕྲོག་པའི་རང་བྱུང་གི་ཡུལ་ལྗོངས་ཀྱང་ཡོད། ང་ཚོས་ཐེངས་འདིའི་བྱེད་སྒོ་འགག་རྩ་བཟུང་ནས་མངོན་མིན་ཤུལ་བཞག་རིག་གནས་ལག་རྩལ་དང་ཕ་ཡུལ་གྱི་ཡུལ་སྲོལ་གོམས་གཤིས་དྲིལ་བསྒྲགས་དང་འོས་སྦྱོར་ཤུགས་ཆེན་བྱས་ཏེ་མི་དེ་བས་མང་པོ་ཞིག་ཀརྨ་རོང་དུ་ཡུལ་སྐོར་ཡོང་རྒྱུའི་རེ་བ་ཡོད”ཅེས་བཤད།