འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ2པའི་ཚེས26ཉིན་གྱི་ཕྱི་དྲོ། གྲོང་ཁྱེར་སྲིད་གཞུང་ཏང་ཙུའུ་ཡིས2025ལོའི་ཚོགས་འདུ་ཐེངས་དང་པོ(རྒྱ་ཆེ)འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། སྲིད་གཞུང་ཁོངས་གཏོགས་ཀྱིས་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས་ཡོད། གྲོང་ཨུད་ཀྱི་རྒྱུན་ཨུ་རྒྱུན་ལས་གྲོང་སྤྱི་གཞོན་པ་ཝུའུ་དབྱིང་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ཡོད།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས། སྲིད་གཞུང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཏེ། ཀྲུང་དབྱང་གི“ཞིང་གསུམ”ལས་དོན་ཐད་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱས་ཏེ། འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། ཞིང་འབྲོག་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་མགྱོགས་མྱུར་གཏོང་བ། མཛེས་མཐུན་གྱི་གྲོང་གསེབ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། ཞིང་འབྲོག་མང་ཚོགས་འབབ་འཕར་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་གོམ་སྟབས་མགྱོགས་སུ་གཏོང་བ་བཅས་བྱས་ནས། ཞིང་འབྲོག་ལས་དོན་སྤུས་ཚད་མཐོ་བ་དང་། ཕན་འབྲས་ཆེ་བ། ཞིང་འབྲོག་ཁུལ་གྱི་གནས་འཕྲོད་ལས་འཚམ། ཞིང་འབྲོག་པ་ཕྱུག་པོ་ཆགས་པ་བཅས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན།