国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年02月25日

རིག་གནས་གསོལ་སྟོན་བཤམས་ནས་མདུན་སྐྱོད་ཀྱི་དབྱངས་རྟ་བསྒྲགས་པ།

———ཆབ་མདོ་གྲོང་ཁྱེར་གྱི“དུས་ཆེན་གསུམ”གྱི་བྱེད་སྒོ་ཕུན་སུམ་ཚོགས་པའི་ངང་མཇུག་འགྲིལ་བ།

2025ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60འཁོར་བ་དང་ཆབ་མདོ་གྲོང་ཁྱེར་གྱི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་འགོ་ཚུགས་པའི་ལོ་ཡང་ཡིན། ལོ་མགོའི་ཚུན་དུ་ཆབ་མདོ་གྲོང་ཁྱེར་གྱིས་གནམ་ལོ་གསར་ཚེས་ཀྱི་རོལ་དབྱངས་མཚན་ཚོགས་དང་། དཔྱིད་གསར་དུས་ཆེན་གྱི་མང་ཚོགས་རང་བཞིན་གྱི་རིག་རྩལ་འཁྲབ་སྟོན་དང་བོད་ཤིང་སྦྲུལ་ལོའི་ལོ་གསར་བརྙན་འཕྲིན་མཉམ་སྤྲོའི་མཚན་ཚོགས་བཅས“དུས་ཆེན་གསུམ”གྱི་བྱེད་སྒོ་འཆར་འགོད་ཞིབ་ཚགས་དང་ལེགས་གྲུབ་བྱུང་བ་དང་། ཕུན་སུམ་ཚོགས་པའི་རིག་གནས་གསོལ་སྟོན་བཤམས་ནས་ཆབ་མདོ་མི་དམངས་ཀྱིས་དུས་རབས་གསར་པའི་ཡར་བརྩོན་གྱི་ཉམས་འགྱུར་དང་མི་རིགས་མཐུན་སྒྲིལ་གྱི་བརྩེ་བ་ཟབ་མོ་མངོན་པར་བྱས་ཡོད།

གནམ་ལོ་གསར་ཚེས་ཀྱི་རོལ་དབྱངས་མཚན་ཚོགས་ཀྱིས་ཧྥུའུ་ཅན་དང་ཆབ་མདོའི་བརྩེ་བ་ཟབ་མོ་མཚོན་པར་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་དབྱངས་རྟ་བསྒྲགས་པ། 2025ལོའི་གནམ་ལོ་གསར་ཚེས་ཀྱི་རོལ་དབྱངས་མཚན་ཚོགས་ནི་ཆབ་མདོ་གྲོང་ཁྱེར་གྱི་རིག་གནས་དང་རིག་རྩལ་བྱེད་སྒོ་ཁྲོད་ཀྱི་འགོ་ཚུགས་ས་ཞིག་ཡིན་ལ། ཐེངས་འདིའི་མཚན་ཚོགས་ནི་ཆབ་མདོ་གྲོང་ཁྱེར་དང་ཧྥུའུ་ཅན་ཞིང་ཆེན་གཉིས་ཀྱིས་མཉམ་དུ་སྒྲུབ་པ་ཞིག་ཡིན་ལ། དེས་ཆབ་མདོའི་རིག་གནས་ཟབ་མོ་མཚོན་པ་མ་ཟད་ཧྥུའུ་ཅན་དང་ཆབ་མདོ་བར་གྱི་བརྩེ་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གྲུབ་འབྲས་ཆེ་ཤོས་གང་ལེགས་མངོན་ཡོད།

དཔྱིད་གསར་དུས་ཆེན་གྱི་རིག་རྩལ་འཁྲབ་སྟོན་གྱིས་དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན། དགའ་དགའ་སྤྲོ་སྤྲོ་ངང་ནས་དཔྱིད་གསར་དུས་ཆེན་བཏང་བ། དཔྱིད་གསར་དུས་ཆེན་རིང་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཨུད་དྲིལ་བསྒྲགས་པུའུ་ཡིས་སྣེ་ཁྲིད་འོག་ཁ་རུབ་ཆུས་དང་། ཤང(གྲོང་རྡལ)གྲོང་ཚོ་རིམ་པའི་རིག་རྩལ་དཔུང་ཁག་བཅས་སྒྲིག་འཛུགས་བྱས་ཏེ་ཇ་རྟ་ཐང་ཆེན་དུ་དཔྱིད་གསར་དུས་ཆེན་གྱི་མང་ཚོགས་རང་བཞིན་གྱི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་བ་རེད། འཁྲབ་སྟོན་གྱིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན། དགའ་སྤྲོའི་ངང་ནས་ལོ་གསར་གཏོང”ཞེས་པ་བརྗོད་དོན་གཙོ་བོར་བཟུང་བ་དང་། ཞིབ་ཚགས་ཇུས་འགོད་བྱས་པའི་རིག་རྩལ་ལེ་ཚན་ཐོག་ནས་ཆབ་མདོ་མི་དམངས་ཀྱིས་དུས་རབས་གསར་པའི་འོག་གི་བདེ་སྐྱིད་འཚོ་བ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་བཅངས་པའི་རེ་སྨོན་མངོན་པར་བྱས་ཡོད།

བོད་ཀྱི་ལོ་གསར་མཚན་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། བོད་ཤིང་སྦྲུལ་ལོའི་ལོ་གསར་བརྙན་འཕྲིན་མཉམ་སྤྲོའི་མཚན་ཚོགས་ནི་ཆབ་མདོ་གྲོང་ཁྱེར་གྱི2025ལོའི་དུས་ཆེན་གསུམ་གྱི་བྱེད་སྒོའི་མཇུག་མཐའི་བརྩམས་ཆོས་དེ་ཡིན། མཚན་ཚོགས་ཀྱིས“ཤིང་སྦྲུལ་གཡང་གི་ལོ་གསར”བརྗོད་དོན་གཙོ་བོར་བཟུང་བ་དང་། ཞིབ་ཚགས་སྒྲིག་བཟོའི་ལེ་ཚན་བརྒྱུད་ནས་ཆབ་མདོའི་མི་རིགས་ཁག་གི་མི་དམངས་ཀྱིས་དུས་རབས་གསར་པའི་མཐུན་སྒྲིལ་འབད་འཐབ་ཀྱི་སྙིང་སྟོབས་མངོན་པར་བྱས་ཡོད།