国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年02月25日

ཀྲོང་ཅིན་སུང་གིས་ཧྥུའུ་ཏན་སློབ་ཆེན་གྱི་འཕེལ་རྒྱས་ཞིབ་འཇུག་ཁང་གི་བརྟག་ཞིབ་ཚོགས་ཆུང་དང་བཞུགས་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ2ཚེས20ཉིན་ནས22ཉིན་བར། ཧྥུའུ་ཏན་སློབ་ཆེན་ལོ་རྒྱུས་སྡེ་ཁག་གི་ཀྲུའུ་རེན་གཞོན་པ་ཡུལ་སྐོར་རིག་པའི་སྡེ་ཁག་གི་ཀྲུའུ་རེན་གཞོན་པ་དགེ་རྒན་ཆེན་མོ་གཞོན་པ་སུན་ཡོན་ལུང་གིས་སྣེ་ཁྲིད་པའི་ཧྥུའུ་ཏན་སློབ་ཆེན་གྱི་འཕེལ་རྒྱས་ཞིབ་འཇུག་ཁང་གི་བརྟག་ཞིབ་ཚོགས་ཆུང་གིས་ཆབ་མདོར་བརྟག་ཞིབ་བྱས་ཡོད། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཧྥུའུ་ཏན་སློབ་ཆེན་གྱི་འཕེལ་རྒྱས་ཞིབ་འཇུག་ཁང་གི་བརྟག་ཞིབ་ཚོགས་ཆུང་དང་བཞུགས་མོལ་གནང་ནས་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་ཀྱི་ཟླ་ཆུ་དང་མེ་ཀུང་གཙང་པོའི་འཐབ་ཇུས་ལྷུར་ལེན་སྐོར་དང་ཚན་ཞིབ་རྣམ་གྲངས་མཉམ་ལས་ལྷུར་ལེན་སོགས་ཀྱི་ཐད་གྲོས་བསྡུར་དང་སྤེལ་རེས་གཏིང་ཟབ་གནང་ཡོད། ཀྲོང་ཅིན་སུང་གིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ཏེ་སུན་ཡོན་ལུང་དང་བཅས་པ་ཆབ་མདོར་རྟོག་ཞིབ་གནང་བར་ཕེབས་བསུ་ཞུས་པ་དང་ཧྥུའུ་ཏན་སློབ་ཆེན་གྱིས་དུས་ཡུན་རིང་པོའི་ནང་ཆབ་མདོའི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད།

ཁོང་གིས་ཉེ་བའི་ལོ་ཤས་རིང་ཆབ་མདོས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱུན་སྲིང་ལྷོད་མེད་ངང“བརྟན་ལྷིང་དང་འཕེལ་རྒྱས། སྣོད་བཅུད། མཐའ་སྟོབས”བཅས་དོན་ཆེན་བཞི་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ། བྱ་གཞག་ཁག་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་ཡོངས་སུ་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་རྣམ་པ་བཟང་པོ་ཞིག་མངོན་ཡོད། ཆབ་མདོ་འདི་ཉིད་འཕྲེད་རྒྱུག་རི་རྒྱུད་ཀྱི་ལྟེ་བར་གནས་པ་དང་བོད་སྐད་དུ“ཆབ་མདོ་ཆུ་གཉིས་བར་ལ་ཆགས”ཞེས་བརྗོད་སྲོལ་ཡོད། ངོམ་ཆུ་དང་རྫ་ཆུ་འདྲེས་པ་ལ་ཟླ་ཆུ་ཞེས་སྤྱི་མིང་དུ་ཆགས་ཤིང་། རང་ཡུལ་ནང་ཁོངས་སུ་ནུས་རྒྱུ་གཙང་མ་དང་གཏེར་ཁའི་ཐོན་ཁུངས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད་པས་རྒྱལ་ཁབ་ཀྱི་ཟླ་ཆུ་དང་མེ་ཀུང་གཙང་པོའི་ས་ཁོངས་མཉམ་ལས་བྱེད་སའི་གྲོང་ཁྱེར་གལ་ཆེན་ཞིག་ཏུ་གྱུར་ཡོད། ཧྥུ་ཏན་སློབ་ཆེན་གྱིས་འཛམ་གླིང་ལ་བལྟ་བའི་གཟིགས་རྒྱང་དང་གཞུང་ལུགས་འཛུགས་སྐྱོང་། ཚན་ཞིབ་ཇུས་འདོན་བཅས་ཀྱི་དགེ་མཚན་ལ་བརྟེན་ནས་ཟླ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ལམ་སྲོལ་གྱི་སྒྲོམ་གཞིའི་འོག་སྲིད་ཇུས་ཞིབ་འཇུག་དང་གཞུང་ལུགས་ཚན་ཞིབ། གཞོན་ནུའི་སྤེལ་རེས་མཉམ་ལས་བཅས་ཀྱི་བཞེད་དོན་ལྷུར་བཞེས་གནང་སྟེ། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུས་ཤིང་ཟླ་ཆུ་དང་མེ་ཀུང་གཙང་པོའི་ས་ཁོངས་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ལོ་གསར་པའི་ནང་། སུན་ཡོན་ལུང་གིས་རུ་སྣེ་ཁྲིད་དེ་ཆབ་མདོའི་ཆུའི་ཐོན་ཁུངས་དང་རིག་གནས་དཔལ་འབྱོར་འཛུགས་སྐྱོང་ལ་རྟོག་ཞིབ་གནང་སྟེ་ཟླ་ཆུ་དང་མེ་ཀུང་གཙང་པོའི་དཔལ་འབྱོར་འཛུགས་སྐྲུན་ཐད་ས་ཁོངས་མཉམ་ལས་ཇེ་ཟབ་འགྲོ་བར་རིག་གཞུང་ཞིབ་འཇུག་དང་བློ་གྲོས་ཀྱི་རྒྱབ་རྟེན་བསྩལ་ཡོད་པ་ལས་ཧྥུ་ཏན་སློབ་ཆེན་ནི་ཆབ་སྲིད་ཀྱི་ཚུགས་གནས་མཐོ་ལ་ཆབ་སྲིད་ཀྱི་འཁུར་སེམས་ཆེ་བའི་ངང་ཚུལ་མངོན་ཡོད་ཅེས་བསྟན།

ཀྲོང་ཅིན་སུང་གིས་ཆབ་མདོ་ནི་མཚོ་སྔོན་དང་། སི་ཁྲོན། ཡུན་ནན་བཅས་འབྲེལ་ཡིན་པས། བོད་ཤར་གྱི་རྒྱལ་སྒོ་ལྟ་བུ་ཞིག་ཡིན་ལ། བོད་ཀྱི་སྐར་ལྔའི་དར་དམར་ཐོག་མར་བསྒྲེང་ས་དང་།“ལམ་གཉིས་ཀྱི་སྙིང་སྟོབས”དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ། གསར་གཏོད་བཅས་བྱེད་ས་ཡིན་ལ། གསར་བརྗེའི་ཐོན་ཁུངས་ཕུན་སུམ་ཚོགས་ལ་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཐོན་ཁུངས་མངའ་ཞིང་། མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ལོ་རྒྱུས་ཡུན་རིང་ལྡན་ཡོད། མིག་སྔར། ཆབ་མདོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གཞིར་བཟུང་། ཡུལ་གྱི་དགེ་མཚན་ལ་བརྟེན་ནས་ཤར་ཕྱོགས་ལ་དམིགས་ཏེ་མཐའ་འཁོར་གྱི་དཔལ་འབྱོར་ཁུལ་དང“རྒྱུད་གཅིག་ལམ་གཅིག”གི་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་ཧུར་ཐག་ཞུགས་ནས་ཡུན་རིང་བདེ་འཁོད་དང་སྤུས་དག་གོང་འཕེལ་གཏོང་བའི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་འཛུགས་སྐྲུན་བྱེད་བཞིན་ཡོད། ཟླ་ཆུའི་སྟོད་རྒྱུད་དུ་ཆགས་པའི་ས་ཁུལ་ཞིག་གི་ངོས་ནས་ཆབ་མདོས་ཐོག་མཐའ་བར་གསུམ་དུ་འགན་འཁུར་བའི་རྣམ་འགྱུར་འཛིན་ནས“ཆུ་གཉིས་དང་གཙང་པོ་གཅིག”གི་སྐྱེ་ཁམས་སླར་གསོ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་ཚད་གཞི་ནན་ཤོས་ཀྱི་ཐོག་ནས་གྲོང་ཁྱེར་གྱི་བཙོག་ཆུ་དང་གད་སྙིགས་གཙང་སེལ་ལ་སྐུལ་འདེད་གཏོང་བ། རིག་གནས་དང་ཡུལ་སྐོར་བྱ་གཞག་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ལམ་རྒྱུད་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པ། མཐའ་འཁོར་ཞིང་ཆེན་དང་གྲོང་ཁྱེར(ས་ཁུལ)གྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཟླ་ཆུ་ཚན་རིག་དང་མཐུན་པའི་སྒོ་ནས་གསར་སྤེལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱེད་བཞིན་ཡོད་ཅེས་བསྟན།

ཀྲོང་ཅིན་སུང་གིས་ཆབ་མདོས་ཟླ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ལམ་སྲོལ་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཆུ་རྒྱུད་བཅོས་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལག་ལེན་ནང་ཧུར་ཐག་ཞུགས་པ། ཧྥུའུ་ཏན་སློབ་ཆེན་དང་མཉམ་ལས་གཏིང་ཟབ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཆབ་མདོར་མཉམ་ལས་དངོས་གཉེར་གྱི་སྒྲིག་གཞི་འཛུགས་པ་བཅས་བྱས་ཏེ་དམིགས་ཚད་ལས་འགན་དང་ཁ་ཕྱོགས་སྔར་བས་ཁ་གསལ་བཟོ་བ་དང་། དོན་དངོས་རང་བཞིན་གྱི་མཉམ་ལས་སྤེལ་རེས་ལས་དོན་གྱི་བྱེད་ཐབས་དོན་འཁྱོལ་བྱེད་པ། དངོས་སྣང་ཅན་ལ་བརྟེན་ནས་རྣམ་གྲངས་ཐད་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མཉམ་ལས་ལས་དོན་ལ་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་ཐོབ་རྒྱུའི་འགན་ལེན་བྱས་ཐོག་ཟླ་ཆུ་དང་མེ་ཀུང་གཙང་པོའི་ཆུ་རྒྱུད་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་།“རྒྱུད་གཅིག་ལམ་གཅིག”གི་ཕྱོགས་ཡོངས་ཀྱི་མཉམ་ལས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་ཐུན་མོང་ཐོག་བསྐྲུན་རྒྱུར་རམ་འདེགས་བྱ་རྒྱུ་ཡིན་ཞེས་གསུངས་པ་དང་། ཁོང་གིས་ཧྥུའུ་ཏན་སློབ་ཆེན་གྱིས་སྔར་བཞིན་ཆབ་མདོའི་ལས་དོན་ལ་རྒྱབ་སྐྱོར་དང་ཆབ་མདོའི་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས་ཚན་རིག་ཞིབ་འཇུག་བྱ་གཞི་དང་ཤེས་ལྡན་མི་སྣ་གསོ་སྐྱོང་། ཐོན་ལས་འཆར་འགོད་སོགས་ཀྱི་ཐད་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་བྱས་ཏེ་ཆབ་མདོ་ཟླ་ཆུ་དང་མེ་ཀུང་གཙང་པོའི་ས་ཁོངས་མཉམ་ལས་ནང་ཞུགས་ཐབས་སུ་ཇུས་གཞི་བཏོན་ནས་ཆབ་མདོའི་སྤུས་དག་གོང་འཕེལ་རྒྱས་ལ་རམ་འདེགས་ཞུ་རྒྱུའི་རེ་བ་ཡོད་ཅེས་གསུངས།

སུང་ཡོན་ལུང་གིས་སྣེ་ཁྲིད་པའི་ཧྥུའུ་ཏན་སློབ་ཆེན་གྱི་འཕེལ་རྒྱས་ཞིབ་འཇུག་ཁང་གི་བརྟག་ཞིབ་ཚོགས་ཆུང་གིས་ཟླ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ལ་ཞབས་འདེགས་ཞུ་རྒྱུ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུ། སྐྱེ་ཁམས་ཚན་རིག་རྟོག་ཞིབ་དང་འཕེལ་རྒྱས་གཏོང་རྒྱུ། ཆབ་མདོ་ཟླ་ཆུ་དང་མེ་ཀུང་གཙང་པོའི་འཐབ་ཇུས་ནང་ཚུད་པར་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་ནང་དོན་དང་གོམ་སྟབས་རྗེས་མའི་མཉམ་ལས་ལ་གྲོས་འགོ་བཏོན་པ་རེད།

ཧྥུའུ་ཏན་སློབ་ཆེན་གྱི་འཕེལ་རྒྱས་ཞིབ་འཇུག་ཁང་གིས་ཆབ་མདོ་དང་མཉམ་ལས་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཡུན་རིང་མཉམ་ལས་ཀྱི་ལམ་སྲོལ་ཡག་པོ་འཛུགས་པ། ཆེད་ལས་ཤེས་ལྡན་མི་སྣ་དང་རིག་ཚན་གྱི་ལེགས་ཆ་དང་གསར་གཏོད་ཀྱི་ཉམས་མྱོང་སོགས་ཀྱི་ལེགས་ཆ་གཅིག་སྡུད་བྱེད་པ་དང་། ཇུས་འདོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཧྥུའུ་ཏན་གྱི་ལེགས་ལྡན་རིག་ཚན་དང་ཆབ་མདོའི་ཁྱད་ལྡན་ཐོན་ཁུངས་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་གཏོང་བ། ཆབ་མདོའི་སྐྱེ་ཁམས་འཛུགས་སྐྱོང་དང་རིག་གནས་ཡུལ་སྐོར་ལས་རིགས་སོགས་ཀྱི་ཐོན་ལས་རིམ་སྤོར་ལ་ཤུགས་བརྒྱབ་སྟེ་ཆབ་མདོ་ཟླ་ཆུ་དང་མེ་ཀུང་གཙང་པོའི་འཐབ་ཇུས་དང“རྒྱུད་གཅིག་ལམ་གཅིག”གི་རྒྱལ་ཁབ་འཐབ་ཇུས་ནང་མཉམ་འདྲེས་ཐུབ་རྒྱུར་རོགས་རམ་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས།