(ཚགས་པར་གོང་མར་མཐུད།)2025ལོའི་ལས་དོན་གྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར8%ཡས་མས་འཕར་རྒྱུ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད13%ཡས་མས་འཕར་རྒྱུ། གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་འཕར་ཐང་10%ཡས་མས་འཕར་བར་བྱ་རྒྱུ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར8%ཡས་མས་འཕར་རྒྱུ། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ4%ཡས་མས་འཕར་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཡོང་འབབ་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་དང་གཞི་རྩའི་ཆ་ནས་གཅིག་མཚུངས་རྒྱུན་འཁྱོངས་ཐུབ་པ་དང་། གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་ཚད་དེ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་ལས་མགྱོགས་པ།
གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད3%ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ་མ་ཟད། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་མི་གྲངས7000གསར་དུ་འཕར་བ་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་དུ་བརྟག་དཔྱད་བྱས་པའི་ལས་ཀ་ཤོར་ཚད5%ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་རྩིས་གཞི་རེའི་ནུས་ཁུངས་ཟད་གྲོན་དང་སྦགས་བཙོག་དངོས་པོ་གཙོ་བོ་ཕྱིར་འབུད་བྱེད་ཚད་མུ་མཐུད་ཆག་ཏུ་འཇུག་རྒྱུ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་སྲ་བརྟན་དུ་གཏོང་རྒྱུ་བཅས་ཡིན།
གོང་གསལ་གྱི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པར་ང་ཚོས་གཤམ་གྱི་ཕྱོགས8ཐད་ཀྱི་ལས་དོན་གཙོ་གནད་ཡག་པོ་སྒྲུབ་དགོས།
(གཅིག) ཉེན་ཁ་སྔོན་འགོག་དང་བཅོས་སྐྱོང་ལ་མཐོང་ཆེན་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་དགོས།
མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་གཙོ་དོན་དུ་བཟུང་ནས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་གཏོད་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་དགོས། གྲོང་ཚོའི(སྡེ་ཁུལ)“ཨུད་གཉིས”ཀྱི་ལས་བྱེད་པ་དང་ཞིང་འབྲོག་མང་ཚོགས་ལྗོངས་ཕྱི་ནང་གི་གྲོང་ཁྱེར་དུ་བསྐྱོད་དེ་ “འབྲེལ་གསུམ”གྱི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་དགོས། མི་རིགས་མཐུན་སྒྲིལ་རིག་གནས་ཀྱི“ལམ་གཉིས་ཁྱམས་གཅིག”དང་གཉིས་བཀུར་མཉམ་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཀྱི་དཔེ་མཚོན་གཏིང་ཟབ་སྔོག་འདོན་བྱེད་དགོས།
སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་། གཙོ་གནད་ཁྱབ་ཁོངས་དང་རྒྱལ་ཁབ་བདེ་འཇགས་ལས་དོན་མཐུན་སྦྱོར་ལམ་སྲོལ་ཆེད་དོན་རྣམ་གྲངས་གལ་ཆེན་དོན་འཁྱོལ་བྱས་ཏེ། རྒྱལ་ཁབ་བདེ་འཇགས་ཀྱི་ཉེན་ཁ་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་བའི་ལས་དོན་ཁག་ཡག་པོ་སྒྲུབ་དགོས། ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས། “གསར་བརྗེའི་ཆབ་མདོ། དར་སྤེལ་ཡར་བརྩོན ”གྱི་སློབ་གསོ་རྒྱ་ཆེན་གཏིང་ཟབ་སྤེལ་རྒྱུ། “འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་ཏུ་བཏང་ནས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁྲིམས་སྐྱོང་ཆབ་མདོ་དང་དུས་བདེའི་ཆབ་མདོ་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བ་དང་། སྤྱི་བདེ་དང་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་གི“དྲ་བ་གཅིག་དང་ལས་སྟེགས་གཅིག”གི་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ། ནག་སེལ་གཤེད་བཅོམ་དང་རྫས་མདའ་བསྡུ་ལེན། དབྱར་དུས་ཀྱི་བདེ་སྲུང་འགལ་རྡུང་བཅོས་སྐྱོང་། མི་བསད་གྱོད་གཞིའི་འགག་སྒྲོལ། བདེ་འཇགས་ཁོར་ཡུག་ལེགས་བཅོས་སོགས་ཀྱི་ཆེད་དོན་བྱ་སྤྱོད་རྒྱུན་རྣམ་ཅན་དུ་སྤེལ་བ། ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་པོ་གཏོང་བ་བཅས་བྱེད་དགོས། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”དང“ཕུའུ་ཅང་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་ཞིང་། ཡིག་བསྐུར་ངོ་བཅར་ལས་དོན་ཁྲིམས་སྐྱོང་ཅན་དང་ཡིག་བསྐུར་ངོ་བཅར་གྱི་གནད་དོན་འབྱུང་རྩ་ནས་བཅོས་སྒྲིག་བྱེད་པའི་ལོ་གསུམ་གྱི་འགག་སྒྲོལ་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། རིམ་པ་བཞིའི་འགོ་ཁྲིད་ལས་བྱེད་པས་ཡིག་སྐུར་ངོ་བཅར་ཡོང་མཁན་ལ་སྣེ་ལེན་དང་གཤམ་སྐྱོད་སྐོར་ཞིབ་ཀྱི་ལམ་ལུགས་མུ་མཐུད་དོན་འཁྱོལ་བྱེད་དགོས། “ལས་བྱེད་སྟོང་ཕྲག་གྲོང་ཚོ་སྟོང་ལ་སོང་ནས། འགལ་ཟླའི་ཉེན་ཡོད་རྐྱེན་ངན་རྩད་ཞིབ་ཆེན་པོ་བྱེད”པའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། ལོ་རྒྱུས་ཐོག་ཤུལ་ལུས་གནད་དོན་ཐག་གཅོད་འོས་འཚམ་བྱེད་པ། “རྒྱལ་ཡོངས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་དཔེ་སྟོན་རྫོང་”འཛུགས་གཏོད་ཏན་ཏིག་བྱ་དགོས།
ཉེན་མེད་ཐོན་སྐྱེད་དམ་པོ་འཛིན་པ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དང་ལག་བསྟར་བྱེད་དགོས་པའི་བྱ་ཐབས་ནུས་ལྡན15དོན་འཁྱོལ་ནན་པོ་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་དྲིལ་བསྒྲགས་གཏིང་ཟབ་སྤེལ་བ་དང་། རྡོ་སོལ་མིན་པའི་གཏེར་རི་དང་། གཞུང་ལམ་འགྲིམ་འགྲུལ། འཛུགས་སྐྲུན་ཨར་ལས། བཟོ་གཏེར་ཚོང་དོན། གྲོང་ཁྱེར་དང་གྲོང་རྡལ་གྱི་སོལ་རླངས། མེ་ཟོན་སོགས་ཁྱབ་ཁོངས་ལ“ཚགས་རྒྱག”གི་ཆེད་དོན་བཅོས་སྒྲིག་མུ་མཐུད་ནས་ཡག་པོ་སྒྲུབ་དགོས། ཆབ་མདོ་གྲོང་ཁྱེར་(བོད་ཤར)གྱི་ཕྱོགས་བསྡུས་འཕྲལ་སྡོམ་རོགས་སྐྱོབ་ལྟེ་གནས་དང“རིག་ལྡན་འཕྲལ་སྡོམ”འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་སུ་གཏོང་བར། རང་བྱུང་གནོད་འཚེ་ཉེན་ཟོན་སྔོན་བརྡ་དང་ཁ་གཏད་གཅོག་པ་བཅས་ཀྱི་ལས་དོན་ཏན་ཏིག་སྤེལ་དགོས། བཟའ་བཅའི་བདེ་འཇགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་དང་ཁུངས་འདེད་ལམ་ལུགས་འཛུགས་པར་འཐུས་ཚང་བཟོས་ནས། བཟའ་བཅའི་ཞིང་ལས་ཐོན་རྫས་མྱུར་བཤེར་ཁང་སྐྲུན་གཉེར་བྱ་རྒྱུ་མགྱོགས་སུ་གཏོང་དགོས།
མཐའ་མཚམས་སྟོབས་ལྡན་དང་མཐའ་སྲུང་སྲ་བརྟན་ལ་སྐུལ་འདེད་གཏོང་བ། དམག་ས་མཉམ་སྐྲུན་དང་དམག་དམངས་མཉམ་འདྲེས་མཐའ་འཁྱོངས་ཀྱིས་རྒྱལ་སྲུང་སྐུལ་སློང་གི་སྒྲིག་འཛུགས་བཀོད་འདོམས་དང་མི་སྣ་འགོག་སྲུང་། དམིགས་ཚད་འགོག་སྲུང་། འཐབ་ཇུས་དངོས་ཟོག་གི་གསོག་ཉར་ཟོག་འགྲུལ་སོགས་ཀྱི་མ་ལག་ལེགས་བཅོས་གཏོང་དགོས། ཆབ་མདོ་ནས་མཐའ་མཚམས་ས་ཁུལ་དུ་སྐྱོད་པའི་བགྲོད་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། སྤང་མདའ་གནམ་ཐང་ཁུལ་བསྐྱར་སྐྲུན་རྒྱས་སྐྲུན་དང་ཀུན་སྤྱོད་གནམ་ཐང་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་དགོས་པ་མ་ཟད། འདོད་བློ་ཡོད་པའི་མང་ཚོགས་མཐའ་མཚམས་སུ་བདེ་སྡོད་བྱེད་པར་སྐུལ་སློང་བྱས་ནས། ཡུལ་དམག་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུ་འགན་ལེན་ཡག་པོ་བྱས་ནས། རྒྱལ་ཡོངས་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང་)ནུས་ཤུགས་ཡོད་རྒུས་གཏོད་དགོས།
(གཉིས) མ་འཇོག་རྒྱ་ཆེར་གཏོང་བ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས། ནུས་ཤུགས་ཡོད་རྒུས་ནང་མཁོའི་མི་མངོན་པའི་སྟོབས་ཤུགས་འཕེལ་བར་བྱེད་དགོས།
ནུས་ལྡན་མ་འཇོག་གི་ཁྱབ་རྒྱ་མུ་མཐུད་ཆེ་རུ་གཏོང་བ། “རྣམ་གྲངས་དམ་པོ་འཛིན་པ་ནི་འཕེལ་རྒྱས་དམ་པོ་འཛིན་པ་དང་གཅིག་ཡིན”པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། རྣམ་གྲངས་ནི་གནས་ཡིན་པ་དང་། ཐོན་ལས་ནི་ཐིག་ཡིན་པ། དཔལ་འབྱོར་ནི་ཁྱོན་ཡིན་པ་བཅས་མཐའ་འཁྱོངས་བྱེད་དགོས། དེ་རིང་གི་ལས་གཞི་ནི་སང་ཉིན་གྱི་ཐོན་ལས་ཡིན། དེ་རིང་གི་མ་རྩ་སྒྲིག་གཞི་ནི་སང་ཉིན་གྱི་ཐོན་ལས་སྒྲིག་གཞི་ཡིན། “རྣམ་གྲངས་གལ་ཆེན་འཛུགས་སྐྲུན་འགག་སྒྲོལ་ལོ་”བྱ་སྤྱོད་ལག་བསྟར་ཡག་པོ་བྱེད། གྲོང་ཨུད་ཀྱི“འཛིན་དགོས་པའི་རྣམ་གྲངས་ཆེན་པོ་དགུ” ཡི་ལམ་སྲོལ་དང་“རྣམ་གྲངས་རེར་ཆེད་སྒྲུབ་ཚོགས་ཆུང་རེའི་”བླང་བྱ་དོན་འཁྱོལ་བྱ་དགོས་ལ། རང་འགུལ་ངང་རྒྱལ་ཁབ་ཀྱི་སྲིད་ཇུས་དང་མ་འཇོག་གི་ཁ་ཕྱོགས་སྦྲེལ་མཐུད་བྱས་ནས། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་རྣམ་གྲངས་ཀྱི་མཇུག་བསྡུའི་ལས་དོན་ཡག་པོ་སྒྲུབ་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”སྲིད་ཇུས་ཀྱི་དགོས་མཁོའི་གསལ་ཐོ་དང་འཆར་འགོད་རྣམ་གྲངས་ཀྱི་ཇུས་གཞི་སྔར་བས་འཐུས་ཚང་དུ་གཏོང་དགོས། བློ་འདྲི་ཀུང་སི་དང་རྣམ་གྲངས་ཀུང་སི་སོགས་ཆེད་དོན་སྟོབས་ཤུགས་སྒྲིག་འཛུགས་ཧུར་ཐག་བྱས་ནས། རྒྱལ་ནང་གི་ཁེ་ལས་གཙོ་བོ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བར་རྣམ་གྲངས་ཇུས་འགོད་ཞིབ་ཚགས་ངང་ལེགས་སྒྲུབ་བྱ་དགོས། ཚན་ཞིབ་རྣམ་གྲངས་དེ་རྣམ་གྲངས་འཛུགས་སྐྲུན་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཚན་ཞིབ་ཁང་དང་མཐོ་རིམ་སློབ་གླིང་སྤེལ་རེས་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། རྣམ་གྲངས་ཀྱི་དུས་འགོའི་ལས་ཀའི་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་དགོས། གལ་ཆེའི་ཐོན་ལས་རིགས་དང་རྨང་གཞིའི་སྒྲིག་བཀོད་རིགས། དམངས་འཚོ་འགན་སྲུང་རིགས། མངོན་མིན་རིགས་གནས་ཤུལ་བཞག་རིགས་སོགས་ཀྱི་རྣམ་གྲངས་ཁག་གཅིག་གྲབས་གསོག་བྱས་ཏེ། “གལ་ཆེན་གཉིས”ཀྱི་འཛུགས་སྐྲུན་བཀོད་སྒྲིག་གི་བླང་བྱ་ལ་དམ་པོར་དམིགས་དགོས་ལ། ཀྲུང་དབྱང་གི་སྔོན་རྩིས་ནང་དང་ཡུན་རིང་བརྒལ་བའི་དམིགས་བསལ་རྒྱལ་བུན། དེ་བཞིན་སྲིད་གཞུང་གི་བུན་འཛིན་མ་འཇོག་སོགས་ཀྱི་རྣམ་གྲངས་ཡིག་ཐོག་སྙན་ཞུ་ཧུར་ཐག་ཕུལ་ནས། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60འཁོར་བའི་རྟེན་འབྲེལ་ཆེན་མོའི་རྣམ་གྲངས་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས། ཁྲོན་བོད་ལྕགས་ལམ(ཆབ་མདོ་དུམ་བུ)འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། ཡུན་བོད་ལྕགས་ལམ་སྤོ་བོ་ནས་ར་འོག་བར་གྱི་ཡན་ལག་ལམ་ཐིག་གི་དུས་འགོའི་ལས་དོན་ཏན་ཏིག་སྒྲུབ་དགོས། G318སྤུས་ཚད་མཐོར་གཏོང་དང་ G214ལྕགས་ཁ་ནས་སྤང་མདའ་གནམ་ཐང་བར་གྱི་གཞུང་ལམ། དེ་བཞིནS204ལམ་ཐིག་གི་ལྷོ་རོང་ནས་སྤོ་བོ་རྫོང་བར་གྱི་གཞུང་ལམ་དང་། ཟླ་ཆུའི་གཙང་རྒྱུད་ཀྱི་གཞུང་ལམ་སོགས་ཀྱི་རྣམ་གྲངས་མགྱོགས་སུ་བསྐྲུན་ནས། ཁྱིམ་མཚེས་ས་ཁུལ་དང་འབྲེལ་མཐུད་བྱེད་པའི་ལམ་བུ་ཤར་བགྲོད་ཐུབ་པ་བྱེད་དགོས། འབྲི་ཆུའི་སྟོད་རྒྱུད་དང་ཟླ་ཆུའི་སྟོད་རྒྱུད། བོད་ཤར་ལྷོའི་གཡུ་ཆུ་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྱོང་དང་ཞིང་འབྲོག་ཁུལ་གྱི་གློག་ཤུགས་སྒྲིག་བཀོད་དང་སྒྲིག་ཆས་སྒྱུར་བཀོད་རིམ་སྤར་ལ་ཤུགས་སྣོན་རྒྱག་དགོས། ཆབ་མདོའི་ནུབ་བརྒྱུད་ཀྱི་ཆན་ཧྥུའུ220ཡི་གློག་སྐྱེལ་གློག་སྒྱུར་ལས་གྲྭར་མགྱོགས་སུ་སྐུལ་འདེད་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གློག་དྲ་གཙོ་བོ་ཁྱབ་ཚད100%ཟིན་པར་བརྩོན་ལེན་བྱ་དགོས། རྫོང་ཐང་ཁའི་ཆུ་བེད་འགག་རྩའི་ཨར་ལས་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། སྨར་ཆུ། གནས་ཆུ། སྟེང་ཆེན་ཁྱུང་པོའི་ཆུ་མཛོད་བཅས་ཀྱི་སྔོན་གྲབས་ལས་དོན་ཡག་པོ་སྒྲུབ་དགོས། ཞིང་ཆེན་རིམ་པའི་གཞུང་ལམ་རྒྱུད་དང་དུད་ཚང་ཅུང་མང་བའི་རང་བྱུང་གྲོང་ཚོའི་འཕྲིན་གཏོང་གི་རྨང་གཞིའི་སྒྲིག་བཀོད་མགྱོགས་སུ་འཐུས་ཚང་དུ་གཏོང་བ་དང་། 5Gདྲ་རྒྱ་དང་སྟོང་ཀྲའོ་འོད་སྐུད་དྲ་ཆེན་མཐུད་སྦྲེལ་གྱི་སྐྲུན་ཤུགས་ལ་སྐུལ་འདེད་གཏོང་དགོས།
འཛད་སྤྱོད་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་འདོན་པ། “གསར་གཉིས་”ཀྱི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། “བདེ་སྐྱིད་ཀྱི་ཆབ་མདོ། སྤྱོད་བདེ་བའི་མཛད་སྤྱོད།”ཅེས་པའི་འཛད་སྤྱོད་འཛིན་ཤོག་སྤྲོད་པའི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ནས་ནུས་རྒྱུ་གསར་པའི་རླངས་འཁོར་དང་། རིག་ནུས་ཁྱིམ་སྤྱོད་གློག་ཆས། ཁོར་ཡུག་སྲུང་སྐྱོང་གི་ཁྱིམ་ཆས་བཅས་རྙིང་ཚབ་གསར་བརྗེའི་བྱེད་སྒོ་སྤེལ་རྒྱུར་སྐུལ་འདེད་གཏོང་བ་མ་ཟད། ཁྱབ་རྒྱ་དང་གནད་སྨིན་རང་བཞིན་ཆེ་རུ་གཏོང་བ། བེད་སྤྱོད་ཚད་གཞི་དམའ་རུ་གཏོང་བ་བཅས་བྱེད་དགོས། གྲོང་གསེབ་ཀྱི་འཛད་སྤྱོད་གཏིང་ཤུགས་སྔོག་འདོན་བྱས་ནས། རྫོང་ཁོངས་ཀྱི་འཛད་སྤྱོད་དྲ་བ་དང་གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན། རྫོང་དང་ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་དངོས་ཟོག་སྡེབ་སྐྱེལ་མ་ལག་འཐུས་ཚང་དུ་གཏོང་དགོས། རྐང་འཛིན་ཚོང་དོན་ཁེ་ལས་ཀྱིས་འཛད་སྤྱོད་ལ་སྣེ་ཁྲིད་དང་འདེགས་སྐྱོར་བྱེད་པའི་ནུས་པ་འདོན་སྤེལ་བྱས་ཏེ། མུ་འབྲེལ་གཉེར་སྐྱོང་དང་སྡེ་ཁུལ་གྱི་ཚོང་ལས་རྒྱ་ཆེར་གཏོང་བ་དང་། ཆུ་ཚོད24ཡི་སྟབས་བདེའི་ཚོང་ཁང་དང་ཞིམ་ཟས་ཁྲོམ་གཞུང་སོགས་མཚན་མོའི་འཛད་སྤྱོད་བྱེད་ཡུལ་བཀོད་སྒྲིག་དང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁྱབ་ཁོངས་ཁག་གི་ཞིམ་ཟས་རིག་གནས་འགྲན་བསྡུར་རྒྱུན་རྣམ་ཅན་དུ་སྤེལ་ནས། འཛད་སྤྱོད་ཁ་གསབ་དང་མི་མངོན་པའི་ནུས་ཤུགས་ཡོད་རྒུས་འདོན་དགོས། ཚོང་དོན་ཁེ་ལས་ཆེ་གྲས་ཀྱིས་དྲ་སྦྲེལ་དང་ཟོག་སྦྲེལ་དྲ་བ། གཞི་གྲངས་ཆེན་མོ་སོགས་དུས་རབས་གསར་པའི་ཆ་འཕྲིན་ལག་རྩལ་སྤྱད་ནས། “རིག་ལྡན་ཚོང་ཁང་”འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་དགོས།
(གསུམ) ལེགས་ཆ་དར་སྤེལ་དང་རིགས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས། ཐོན་ལས་ཀྱི་སྤུས་ནུས་དེ་བས་མཐོར་གཏོང་བྱེད་དགོས།
མཐུན་རྐྱེན་བཟང་བའི་ཐོན་ལས་སྲ་བརྟན་དང་གོང་མཐོར་གཏོང་བ། “རྟེན་གཞི་སྟོབས་ཆེར་གཏོང་བ་དང་མ་ལག་ལེགས་སུ་གཏོང་བ། གཞི་ཁྱོན་ཆེ་རུ་གཏོང་བ། ཕན་འབྲས་ཆེ་རུ་གཏོང་བ།”བཅས་ཀྱི་ལས་དོན་མཐའ་འཁྱོངས་བྱས་ཏེ། ནས་དང་འབྲི་གཡག བོད་ཕག ཨ་དབང་ལུག རྒུན་འབྲུམ་སོགས་ཞིང་འབྲོག་ཐོན་རྫས་ཀྱི་ཞིབ་བཟོ་བྱེད་ཤུགས་ཆེ་རུ་གཏོང་དགོས། རྨོ་ཞིང་སྲུང་སྐྱོང་ལམ་ལུགས་ནན་ཤོས་དོན་འཁྱོལ་བྱས་ནས། འབྲུ་རིགས་བདེ་འཇགས་འགན་ལེན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི1.94གསར་སྣོན་བྱས་ནས་འབྲུ་རིགས་ཐོན་ཚད་ཏུན་ཁྲི21ཡན་བརྟན་པོ་ཡོང་བ་དང་། ཤ་དང་འོ་མ། སྒོ་ང་ཐོན་ཚད་ཏུན་ཁྲི22.5ཡན་ཟིན་པར་བརྩོན་ལེན་བྱ་དགོས། ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་སྦྲེལ་ཐག་ལེགས་བཅོས་དང་སྣུར་སྲིང་། དེ་བཞིན་བརྟན་གཏོང་བཅས་ལ་གཞི་ཚུགས་ཏེ། ཀྲུང་གོའི་ཀྲུང་ཁྲེ་དང་དམིགས་བསལ་གློག་སྒྱུར་ལས་བཟོ་པ། ཤར་ཕྱོགས་རླུང་གློག་ཐོན་ལས་བཅས་ཀྱི་རྣམ་གྲངས་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་འཛུགས་དགོས། འབྲི་ཆུའི་སྟོད་རྒྱུད་ཀྱི་ཆན་ཝ་ཁྲི400ཟིན་པའི་འོད་ཤུགས་ལས་གཞི་དང་ལེ་ལག་ཚང་བའི་ཆན་ཧྥུ500ཟིན་པའི་སྐུད་ལམ་ལས་གྲྭ་དང་། འབྲི་ཆུའི་སྟོད་རྒྱུད་ནས་ཧུའུ་པའེ་ཡི་སྟོང་ཧྥུའུ་±800 ཟིན་པའི་གནོན་མཐོའི་ཐད་རྒྱུག་གློག་གཏོང་ལས་གྲྭའི་འཛུགས་སྐྲུན་མགྱོགས་པོ་གཏོང་དགོས། བོད་ལྗོངས་ཀྱི་ཤར་ལྷོ་ནས་ཀོང་ཏུང་དང་ཞང་ཀང་། ཨའོ་མོན་བཅས་ཀྱི་ཁུག་ཆེན་ཁུལ་གྱི་གནོན་མཐོའི་ཐད་རྒྱུག་གློག་གཏོང་ལས་གྲྭ་དང་། དཔལ་མདའ་དང་པོ་ལོ། སྤུ་ཐོག་ཆུ་གློག་ས་ཚིགས་བཅས་ཀྱི་ལས་གྲྭར་ཞིབ་མཆན་འགོད་པ་དང་ལས་འགོ་འཛུགས་པའི་བརྩོན་ལེན་བྱ་དགོས། ཆབ་མདོའི་མཐོ་བརྩོན་དང་སྨར་ཁམས་ཤོད་ཐང་། དཔའ་ཤོད་དུང་དཀར་སོགས་ཨར་འདམ་ཁེ་ལས་ཀྱིས་ཐོན་ནུས་ལུགས་མཐུན་ངང་འདོན་རྒྱུར་ཁྲིད་སྟོན་བྱེད་པ་དང་། ཁེ་ལས་ཀྱི་ཚད་སྤར་རྩིས་འཇུག་གི་ལས་དོན་ལེགས་པོར་བཟུང་དགོས། རྩེར་སོན་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་དུ་བྱ་རྒྱུ་དེ་ཕྱོགས་སྟོན་དུ་བཟུང་ནས། གཏེར་ལས་འཕེལ་རྒྱས་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་། ལེགས་ཆ་ལྡན་པའི་གཏེར་ལས་སྲུང་སྐྱོང་རང་བཞིན་གྱི་གསར་སྤེལ་དང་ཐོན་ལས་སྦྲེལ་ཐག་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
ཐོན་ལས་ཀྱི་ཕྱོགས་སྒྱུར་སྤུས་འདེགས་མགྱོགས་སུ་གཏོང་བ། “གསར་བརྗེའི་ཐོན་ཁུངས+”ཞེས་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཞིར་བཟུང་། “གསར་བརྗེའི་གནས་རྟགས”བཏོད་དེ“གསར་བརྗེའི་རྩ་རྒྱུད་”དང་སྦྲེལ་ནས། “གསར་བརྗེའི་ཆབ་མདོའི”རིག་གནས་ཡུལ་སྐོར་ཐོན་ལས་ཕྱོགས་ཡོངས་ནས་གསར་སྤེལ་བྱེད་དགོས། “བཟའ་སྡོད་ཡུལ་སྐོར་ཉོ་སྒྲུབ་རོལ་རྩེད”བཅས་ཀྱི་རྒྱུ་རྐྱེན་དྲུག་ལ་དམ་པོར་དམིགས་ནས། ཇ་རྟ་གནའ་ལམ་དང་ཐང་བོད་གནའ་ལམ་བཅས་ཡུལ་སྐོར་ཁྱམས་ལམ་ཁག་ཅིག་མགྱོགས་མྱུར་ངང་བསྐྲུན་རྒྱུ། གཙོ་གནད་འགྲིམ་འགྲུལ་ལམ་རྒྱུད་ལ་ཆ་འཕྲིན་ཅན་གྱི་ནུས་མང་བསྡུས་སྦྱོར་རྟེན་ཕུར་འཛུགས་པ་དང་། ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་འཛུགས་པ་མ་ཟད། རིག་གནས་དང་ཡུལ་སྐོར་གྱི་ཞབས་ཞུ་ལེགས་བསྡུས་ཅན་དང་ཚད་ལྡན་ཅན་གྱི་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་བཅས་བྱས་ཏེ། ཁྱོན་ཡོངས་ནས་ཡུལ་སྐོར་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། རིག་གནས་ཡུལ་སྐོར་ལས་སྟེགས་དང་། བོད་སྐྱོར་ཞིང་ཆེན(གྲོང་ཁྱེར)གྱི་ཀྲུང་དབྱང་ཁེ་ལས་དང་སྦྲེལ་མཐུད་ཧུར་ཐག་བྱས་ཏེ། G317ལམ་རྒྱུད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་དང་། ཆབ་མདོའི་བསྡུ་འགྲེམས་ནུས་པ་འདོན་སྤེལ་བྱས་ནས། ནག་ཆུ་དང་མངའ་རིས་ཀྱི“མངགས་ཐོ་རྣམ་པ”མཉམ་འགུལ་བྱས་ཏེ། “བྱང་ཐང་ཡང་རྩེའི་ཡུལ་སྐོར”ཞེས་པའི་རྩེ་གྲའི་ཡུལ་སྐོར་ལམ་ཐིག་གཏོད་དགོས། ཁྱད་ལྡན་རིག་གནས་ཡུལ་སྐོར་གྱི་གྲོང་རྡལ་ཆུང་ངུ་6གཏོད་པར་སྐུལ་འདེད་དང་། སྨར་ཁམས་ཚྭ་ཁ་ལྷོའི་རྒྱལ་ཁབ5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གཏོད་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་ལ། རྒྱལ་ཁབ་ཀྱི4Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གཏོད་པར་ཞུ་འབུལ་གང་ལེགས་བྱེད་དགོས། རང་གྲོང་ཁྱེར་གྱི་རང་སྐྱོང་ལྗོངས་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་གླིང་ཁུལ་ཁག་ལྔ་པ་དང་རང་སྐྱོང་ལྗོངས་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་ཁག་དྲུག་པ་འོས་སྦྱོར་རེ་ཞུ་ཡག་པོ་བྱེད་དགོས། “འགྲིམ་སྦྲག་མཉམ་འདྲེས”དང“སྦྲག་མྱུར་མཉམ་འདྲེས”གཏིང་ཟབ་ཏུ་བཏང་ནས། གུང་གསེང་དཔལ་འབྱོར་དང་མཚན་མོའི་དཔལ་འབྱོར་དར་རྒྱས་གོང་འཕེལ་གཏོང་དགོས། ཆ་རྐྱེན་འཛོམས་པའི་གྲོང་ཚོའི(སྡེ་ཁུལ)ཞབས་ཞུ་ལྟེ་གནས་སུ་གྲོང་གསེབ་ཀྱི་སྦྲག་ཐོག་སྐྱེལ་འདྲེན་གྱི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་བཙུགས་ནས། སློབ་ཆེན་སློབ་མ་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱེད་དགོས།
(མུ་འགོད།)