国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年02月14日

ཀྲོང་ཅིན་སུང་གིས་གྲོང་ཁུལ་གྱི་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ2པའི་ཚེས10ཉིན་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཆབ་མདོའི་གྲོང་ཁུལ་གཙོ་བོའི་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་གནང་ཞིང་། ཁོང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། གྲོང་ཁྱེར་འཆར་འགོད་དང་འཛུགས་སྐྲུན་ཆུ་ཚད་ཧུར་ཐག་གཏོང་བ་དང་། གྲོང་ཁྱེར་གྱི་ནུས་པ་སྔར་བས་ལེགས་བཅོས་དང་མང་ཚོགས་ཀྱི་གཞི་སྡོད་འཚོ་བའི་ཁོར་ཡུག་འཐུས་ཚང་དུ་གཏོང་བ། ཆབ་མདོ་འདི་ཉིད་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་ཐོག་གོམ་སྟབས་གསར་པ་སྤོ་ཐུབ་པར་སྐུལ་སྤེལ་བཅས་བཏང་སྟེ། “ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་ཞིག་བསྐྲུན་རྒྱུའི”ལས་ཀའི་དམིགས་ཚད་མངོན་འགྱུར་ཡོང་བར་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་ཡོད། སྐྱ་ཐང་སྲང་ལམ་སྡེ་ཁུལ་དང་ཐང་སྐྱ་གྲོང་ཚོ་རུ། ཀྲོང་ཅིན་སུང་གིས་དམངས་ཀྱི་སྡོད་ཁང་འཆར་འགོད་དང་བྱེད་ནུས་བཀོད་པ། ལོ་རྒྱུས་མི་ཆོས་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་རྗེས།

ཁོང་གིས་ཁ་རུབ་ནི་འབྱོར་ཕྱུག་ལྡན་པའི་དེང་རབས་ཅན་གྱི་མཐོ་སྒང་གི་གྲོང་ཁྱེར་གསར་པ་ཞིག་དང་། ཆབ་མདོའི་སྲིད་འབྱོར་རིག་གསུམ་གྱི་ལྟེ་གནས། ཆབ་མདོའི་ལས་དོན་གྱི་རླུང་ཕྱོགས་མཚོན་རྟགས་དང་ཕྱི་ཕྱོགས་འགྲེམས་སྟོན་བྱེད་པའི་སྣང་བརྙན་གྱི་སྐར་ཁུང་གཙོ་བོ་བཅས་ཡིན་པས་གྲོང་ཁྱེར་འཆར་འགོད་དང་འཛུགས་སྐྲུན་ཁྲོད་མིག་དཔེའི་ནུས་པ་དེ་བས་འོས་པ་འདོན་སྤེལ་བྱེད་དགོས། རིམ་པ་ཁག་དང་ཚན་པ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ། གྲོང་ཁྱེར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་གཏིང་ཟབ་ངང་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་བསྐྲུན་པ་དང་། མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱི་ཆེད་དུ་བསྐྲུན་པ་རྒྱུན་འཁྱོངས་བྱེད་པ། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ་བཅས་བྱས་ཏེ། རྒྱུན་ཆད་མེད་པར་བོད་ཤར་མུ་ཏིག་གི་མིང་ཤོག་འོད་མདངས་འཚེར་བར་བྱེད་དགོས་ཞེས་བསྟན།

རྒྱལ་ལམ317བརྒྱུད་ནས་སྟག་མ་ལར་སླེབས་སྐབས། ཀྲོང་ཅིན་སུང་གིས་མཐོ་ས་ནས་ཆབ་མདོའི་ལྟེ་བའི་གྲོང་ཁུལ་གྱི་གྲོང་ཁྱེར་སྤྱི་ཡོངས་ཀྱི་འཆར་འགོད་འཛུགས་སྐྲུན་དང་སྔོ་ལྗང་ཅན་གྱི་འཛུགས་སྐྲུན་གནས་ཚུལ་ལ་གཟིགས་པ་རེད། ཁོང་གིས་ཁ་རུབ་ཆུས་ཀྱིས་འགོ་འཛུགས་ས་མཐོན་པོའི་ཐོག་ནས་གྲོང་ཁྱེར་གྱི་འཆར་འགོད་དང་ཇུས་འགོད་ཡག་པོ་བྱེད་པ་དང་། རང་རྟོགས་ངང་གྲོང་ཁྱེར་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་པ། ད་ཡོད་གྲོང་ཁྱེར་གྱི་འཆར་འགོད་དང་ཇུས་འགོད་རྨང་གཞིར་བྱེད་པ། ལོ་རྒྱུས་རིག་གནས་རྒྱུན་འཛིན་སྲུང་སྐྱོང་དང་དུས་རབས་ཀྱི་སྙིང་སྟོབས་ཟུང་འབྲེལ་བྱ་རྒྱུར་སྣང་ཆེན་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རྟགས་མཚན་མངོན་པ་དང་གྲོང་ཁྱེར་གྱི་རིག་གནས་ཁྱད་ཆོས་ཟུང་འབྲེལ་བྱ་རྒྱུར་སྣང་ཆེན་བྱེད་པ་དང་།“དམར་མདངས་ཆབ་མདོ”དང་གྲོང་ཁྱེར་འཛུགས་སྐྲུན་གྱི་འཆར་འགོད་གཅིག་རམ་གཅིག་འདེགས་བྱ་རྒྱུར་སྣང་ཆེན་བྱེད་པ། གྲོང་ཁྱེར་གྱི་རིག་གནས་རྒྱུན་མཐུད་དང་གྲོང་ཁྱེར་གྱི་སྙིང་སྟོབས་གཏོད་པ་བཅས་བྱས་ཏེ་ཆབ་མདོའི་དོན་དངོས་དང་མཐུན་པའི་གྲོང་ཁྱེར་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་དགོས་པའི་བླང་བྱ་བཏོན་ཡོད།

ཀྲོང་ཅིན་སུང་གིས་ཁ་རུབ་ཀྱི་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་བྱ་རྒྱུ་ནི་དམངས་འཚོའི་ལས་གཞི་ཞིག་དང་འཕེལ་རྒྱས་ཀྱི་ལས་གཞི་ཞིག་ཡིན་པས། ཁ་རུབ་ཆུས་ཀྱིས་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་བ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། སྤྱི་འདོམས་མཐུན་སྦྱོར་ལ་དམ་འཛིན་ཡག་པོ་བྱེད་པ། གྲོང་ཁུལ་མཛེས་སུ་གཏོང་བའི་ལས་དོན་ཡག་པོ་སྒྲུབ་པ། གྲོང་ཁྱེར་མཐའ་འཁོར་གྱི་འགྲོ་ལམ་དང་ཆུ་ཀ་ལ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་ནས་མི་དམངས་མང་ཚོགས་ལ་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་དགོས་མཁོ་ཟམ་མི་ཆད་པར་བསྐངས་ཏེ། ཁྲིམས་ལྟར་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་དང་། མི་དམངས་ཀྱི་ཁེ་ཕན་མཚོན་པ་དང་མི་དམངས་ཀྱི་རེ་འདུན་མཚོན་པ། མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་། མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་བ་བཅས་བྱ་རྒྱུ་དེ་ཁྲིམས་ལྟར་གྲོང་ཁྱེར་བཅོས་སྐྱོང་གི་གཅོང་ནད་ཀྱི་དཀའ་གནད་ཐག་གཅོད་བྱེད་པའི་ཞིབ་ཕྲའི་ལག་ལེན་ཁྲོད་དོན་འཁྱོལ་བྱས་ཏེ། གྲོང་ཁྱེར་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཤིང་། འབྲེལ་ཡོད་སྡེ་ཚན་ཁག་གིས་འགན་ནུས་ལ་གཞི་ཚུགས་ཏེ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་རིགས་ཀྱི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། གྲོང་ཁྱེར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་གྱི་བདེ་འཇགས་འདུ་ཤེས་ཟབ་ཏུ་གཏོང་དགོས་ཞེས་ནན་བཤད་གནང་ཡོད།

གྲོང་ཨུད་ཀྱི་རྒྱུན་ཨུ་ཁ་རུབ་ཆུས་ཨུད་ཀྱི་ཧྲུའུ་ཅི་ཏེང་ཝུན་ཁྲང་བྱེད་སྒོ་ནང་ཞུགས་ཡོད།