国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年02月14日

ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་བསམ་བློའི་འགན་ལེན་བརྟན་པོ་བྱེད་དགོས།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་9ཉིན་གནས་ཚུལ་འབྱོར་གསལ། ཚེས་8ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་སྟེ། རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་པུའུ་ཀྲང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 2024ལོའི་ལྗོངས་ཡོངས་ཀྱི་འདུ་ཤེས་འཛིན་སྟངས་དང་བསམ་བློ་ཆབ་སྲིད་ལས་དོན་གནས་ཚུལ་སྐོར་གྱི་སྙན་སེང་གསན་པ་མ་ཟད། འབྲེལ་ཡོད་ཡིག་ཆར་ཞིབ་འཇུག་དང་གྲོས་ཞིབ་ཀྱང་གནང་བ་རེད། ཁོང་གིས། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། འདུ་ཤེས་འཛིན་སྟངས་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱེད་པ་དང་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་ནས།

སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་བསམ་བློའི་འགན་ལེན་བརྟན་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཡན་ཅིན་ཧའེ་དང་། ཀརྨ་ཚེ་བརྟན། ལིའུ་ཅང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། བསོད་ནམས་ཉི་མ། ཀུང་ཧུའེ་ཚའེ། ཅང་ཝུན་ཕེང་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། འདི་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུའི་ལོ་དང་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་ལྷག་པར་དུ་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་སྡེ་ཚན་ཁག་གིས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ནས། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། དེའི་ནང་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཧུར་ཐག་ཆུད་པར་བྱེད་པ་དང་། དུས་རབས་གསར་པའི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་གྱི་ནང་གནས་ཆོས་ཉིད་ཁོང་དུ་ཡང་དག་ཆུད་པར་བྱེད་པ། འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་བ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། འགན་ནུས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད། ལམ་སྲོལ་གསར་པ་འཚོལ་ཞིབ་ཧུར་ཐག་བཅས་བྱས་ཏེ། རང་ལྗོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ལ་ཡར་རྒྱས་གསར་པ་རྒྱུན་ཆད་མེད་པར་ཡོང་བར་སྐུལ་འདེད་གཏོང་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པར་ནུས་སེམས་གཅིག་ཏུ་སྒྲིལ་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་གཏིང་ཟབ་དང་ཏན་ཏིག་སྤྲོས་པར་མུ་མཐུད་སྐུལ་འདེད་གཏོང་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ཏེ། རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་སློབ་སྦྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གོ་བདེ་ཞིང་ཤེས་སླ་བའི་སྐད་ཆ་དང་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་ཐབས་སྤྱད་དེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་། ལྷག་པར་དུ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཞི་རིམ་དང་མང་ཚོགས་ལ་དྲིལ་བསྒྲགས་བྱས་ཏེ། མང་ཚོགས་ཀྱིས་གོ་ཐུབ་པ་དང་ངེས་ཐུབ་པར་འགན་ལེན་བྱེད་དགོས། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་རིག་གནས་ཁྱིམ་གཞིས་ཧུར་ཐག་བསྐྲུན་ནས“ལོ་རྒྱུས་བཞི”དང་། བོད་ས་གནས་དང་མེས་རྒྱལ་འབྲེལ་བའི་ལོ་རྒྱུས། “འདུ་ཤེས་གསུམ”གྱི་སློབ་གསོ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་བཅས་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་པོར་བཙུགས་ཏེ། མི་རིགས་ཁག་གི་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་བརྟན་པོར་འཛུགས་པར་ཁྲིད་སྟོན་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོར་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་བ་དང་། རླབས་ཆེན་གྱི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་དང་། “ལམ་གཉིས”ཀྱི་སྙིང་སྟོབས། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་བ། བསམ་བློ་ཆབ་སྲིད་ལས་ཀའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་དང་སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཀུན་སྤྱོད་ལ་སྣང་ཆེན་དང་། ཀུན་སྤྱོད་ལ་བརྩི་འཇོག ཀུན་སྤྱོད་ལ་བརྩི་སྲུང་བཅས་ཀྱི་རྣམ་པ་ཟབ་མོ་གཏོད་དགོས། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་བཏང་སྟེ། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་ཕྱོགས་སྟོན་མཐའ་འཁྱོངས་དང་། རིག་གནས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། རིག་རྩལ་བརྩམས་ཆོས་གསར་རྩོམ་ལ་ཤུགས་སྣོན་རྒྱག་པ། ལྟ་རིན་ཡོད་པ་དང་། ཕྱིར་སྐྱོད་ཐུབ་པ། ཤུགས་རྐྱེན་ལྡན་པ་བཅས་ཀྱི་རིག་གནས་སྤུས་རྟགས་དེ་བས་མང་བ་ཧུར་ཐག་འདོན་པ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་བློ་དང་རིག་གནས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་མཐའ་འཁྱོངས་བྱེད་པ་དང་། ཀུན་འདུས་སྨྱན་སྦྱོར་གྱི་ཁྱབ་སྤེལ་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གཙོ་རྒྱུན་གླེང་ཕྱོགས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ནས་ཡང་དག་པའི་གླེང་ཕྱོགས་ཀྱི་ཕྱོགས་སྟོན་ཁོང་དུ་བརྟན་པོ་ཆུད་པར་བྱེད་དགོས། རྒྱལ་སྤྱིར་ཁྱབ་སྤེལ་གྱི་ཕན་ནུས་ཆེ་རུ་ཧུར་ཐག་བཏང་སྟེ། རྒྱལ་སྤྱིའི་ཁྱབ་སྤེལ་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཕྱི་ཕྱོགས་ཁྱབ་སྤེལ་གྱི་འདུ་ཤེས་དང་། ཐབས་ལམ། གཞི་རྟེན་བཅས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་བ། ཕྱོགས་ཁག་གི་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ། ལས་ཀའི་མཉམ་ཤུགས་ཆགས་པར་བྱེད་པ། རྒྱལ་སྤྱིར་ཁྱབ་སྤེལ་གྱི་ཚན་རིག་རང་བཞིན་དང་ཕན་འབྲས་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཀྲུང་གོའི་བོད་ཀྱི་གཏམ་རྒྱུད་མུ་མཐུད་ཡག་པོ་བརྗོད་པ་བཅས་བྱས་ནས། འཛམ་གླིང་གིས་བོད་ལ་རྒྱུས་མངའ་དེ་བས་ཟབ་པ་དང་བོད་འདི་ཉིད་འཛམ་གླིང་གི་ཕྱོགས་སུ་དེ་བས་མགྱོགས་པོ་སྐྱོད་ཐུབ་པར་བྱེད་དགོས། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བར་དམིགས་ཏེ། སྒྲིག་འཛུགས་ཞིབ་ཚགས་དང་། ཇུས་འགོད་སྔ་སྣུར། བརྗོད་དོན་གཙོ་བོ་མངོན་གསལ་དོད་པ། ཇུས་གཞི་ཞིབ་ཚགས་དུ་གཏོང་བ་བཅས་བྱས་ནས་དྲིལ་བསྒྲགས་གཏོང་སྤེལ་ལས་དོན་ཏན་ཏིག་བསྒྲུབས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་གཏོད་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་ཕྱོགས་ཡོངས་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་ནས་རང་ལྗོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་གྱི་རྣམ་པ་གསར་པ་གཏོད་པར་འགན་ལེན་བརྟན་པོ་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་འདུ་ཤེས་འཛིན་སྟངས་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱེད་པ་དང་། རིག་གནས་འཛུགས་སྐྱོང་འགོ་ཁྲིད་ཀྱི་དོ་དམ་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ཆབ་སྲིད་ཀྱི་ཉམས་སད་ཐེག་ཐུབ་པ་དང་། འཇོན་ཐང་ཆེ་བ། བདེན་འཚོལ་གསར་གཏོད། གཡུལ་ལས་རྣམ་པར་རྒྱལ་ཐུབ་པ་བཅས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་ཀའི་དཔུང་ཁག་ཅིག་ཧུར་ཐག་གཏོད་པ་དང་། ཏང་ཨུད་ཀྱིས་འགོ་ཁྲིད་བྱེད་པ་དང་། ཏང་སྲིད་ཀྱིས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱེད་པ། དྲིལ་བསྒྲགས་སྡེ་ཚན་ཁག་གིས་སྒྲིག་འཛུགས་དང་མཐུན་སྦྱོར་བྱེད་པ། སྡེ་ཚན་ཁག་གིས་རང་འགན་གཙང་སྒྲུབ་བྱེད་པ། སྤྱི་ཚོགས་ཡོངས་རྒྱ་ཁྱབ་ངང་ཞུགས་པ་བཅས་ཀྱི་དྲིལ་བསྒྲཌ་ཆེན་པོའི་ལས་ཀའི་བཀོད་པ་གཏོད་དགོས།