འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། སྨར་ཁམས་རྫོང་གི་གྲོང་ཚོ་ཁག་གིས་“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བརྗོད་དོན་གཙོ་བོར་བྱས་པའི་སྲོལ་རྒྱུན་གྱི་ཐོན་སྐྱེད་འཚོ་བའི་རྩལ་ནུས་འགྲན་སྡུར་གཅིག་རྗེས་གཉིས་མཐུད་ངང་སྤེལ་ཡོད། ཐེངས་འདིའི་བྱེད་སྒོ་ཡིས་དམངས་ཁྲོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་རྒྱུད་འཛིན་དང་བཟོ་བོའི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་རྩ་དོན་དུ་བཟུང་ནས་གྲོང་མིའི་གསར་གཏོད་ནུས་པ་དང་ཧུར་ཐག་རང་བཞིན་སྐུལ་སློང་ལ་བཏང་བ་དང་ཆབས་ཅིག་ཏུ་གྲོང་མིའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དེ་རེད། འགྲན་སྡུར་ལ་གོས་བཟོ་དང་། པར་བརྐོ་འཇིམ་བཟོ། མར་བཟོ། བསྲུབས་ཇ་སོགས་ཀྱི་ནང་དོན་འདུས་ཡོད།
བྱིས་གྲོངས་ཤང་སྔ་རྫ་གྲོང་ཚོའི་གོས་བཟོ་རྩལ་ནུས་འགྲན་སྡུར་ཡུལ་དངོས་སུ་མང་ཚོགས300ལྷག་གིས་དར་སྐུད་སྣ་ལྔ་དང་། གཡག་རྩིད་དང་བལ་སྐུད་སོགས་བསླས་འཐག་རྒྱུ་ཆ་གྲལ་འགྲིག་ངང་བཞག་པས་འགྲན་བསྡུར་ནང་ཞུགས་མཁན་ཚོར་གདམ་ག་འདང་ངེས་ཤིག་མཁོ་འདོན་བྱས་ཡོད། འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པ་26གིས་འཚེམ་ཆས་གྲ་སྒྲིག་བྱས་ནས་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་གྱི་གྱོན་ཆས་ཞིབ་ཚགས་ངང་བཟོས་ཡོད།
མཚོ་རྔ་ཤང་གྲོང་རི་གྲོང་ཚོའི་པར་བརྐོ་འཇིམ་བཟོའི་འགྲན་སྡུར་གྱི་ཡུལ་དངོས་སུ་བདམས་ཐོན་པ་12ཀྱིས་རང་ཉིད་ཀྱི་པར་བརྐོ་ཡོ་བྱད་འཁྱེར་ནས་གཏན་འཁེལ་བྱས་པའི་རི་མོ་གསར་རྩོམ་བྱས་པ་དང་། དཔྱད་འདེམས་བྱེད་སྐབས་བདམས་ཐོན་པ་ཚོས་བརྙན་ལམ་འགྲེམས་སྟོན་དང་ས་གནས་ས་ཐོག་ཏུ་འགྲེལ་བཤད་བྱས་པ་བརྒྱུད་ལྟད་མོ་བ་ཚོར་བརྩམས་ཆོས་ངོ་སྤྲོད་ཞིབ་ཕྲ་བྱས་ཡོད་པ་རེད།
ནོར་གནས་ཤང་དམ་མཛོད་གྲོང་ཚོའི་མར་བཟོ་འགྲན་སྡུར་ལ་མང་ཚོགས200ཡས་མས་ཀྱིས་ལྟད་མོ་བལྟས་ཡོད། འགྲན་བསྡུར་ནང་མིང་མེད་འདེམས་ཤོག་འཕེན་ནས་བྱ་དགའ་འདེམས་བསྐོ་བྱས་པ་དང་ས་གནས་ས་ཐོག་གི་རྣམ་པ་སྤྲོ་སེམས་འཁོར་བ་དང་ཞིང་འབྲོག་པའི་མང་ཚོགས་ཀྱི་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་ཁེངས་ཡོད།
གྲུ་པ་རོང་ཤང་ཁྲོ་མཐིལ་སྒང་གྲོང་ཚོའི་ཇ་བཟོ་རྩལ་ནུས་འགྲན་སྡུར་ནང་ཞིང་འབྲོག་པ་མང་ཚོགས་དང་བོད་དུ་ཡུལ་སྐོར་ཡོང་བའི་འགྲུལ་པ300ཡས་མས་ཀྱིས་ལྟད་མོར་གཟིགས་ཡོད།