འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ1ཚེས27ཉིན་གྱི་དགོང་མོར། ཆབ་མདོའི་ཡན་ལག་དམག་ཁུལ་ཁང་གིས2025ལོའི་དཔྱིད་གསར་དུས་ཆེན་གྱི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་བ་རེད། ཀྲོང་ཅིན་སུང་དང་། ལའོ་ཆིན་འུའུ་སོགས་ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཁྱེར་རིམ་པའི་འགོ་ཁྲིད་དང་། ཡན་ལག་དམག་ཁུལ་གྱི་མི་སྣ་ཡོངས་དང་དེ་དག་གི་ཁྱིམ་མི། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་བ་སོགས་ཁྱོན་མི500ལྷག་མཉམ་དུ་འཛོམས་ནས་འཁྲབ་སྟོན་ལ་གཟིགས་ཡོད།
རིག་རྩལ་འཁྲབ་སྟོན་འདི་ལ་གཟི་བརྗིད་དང་འཛིན་སྐྱོང་། མཛའ་བརྩེ་ཞེས་པ་སོགས་ལེའུ་གསུམ་ཡོད་པ་དང་། ཁྲ་ལམ་ལམ་གྱི་གློག་འོད་ཁྲོད་ནས་དགོང་ཚོགས་འགོ་ཚུགས་པ་རེད། བོད་ཤར་གྱི་སྤུ་གྲི་ཞེས་པའི་འཛོམས་བྲོ་དང་། ཁྱིམ་ཆེ་ཆུང་གཉིས་ཞེས་པའི་གར་ཆུང་། ངའི་ལང་ཚོ་དང་ཕུགས་འདུན། མདུན་ལ་རྒྱུགས་ཞེས་པའི་ཞབས་བྲོ། བཀྲ་ཤིས་པའི་ཆབ་མདོ་དང་ང་རང་ཆབ་མདོར་དགའ་ཞེས་པའི་གླུ་དབྱངས་སོགས་ངོ་མཚར་རྨད་བྱུང་གི་ལེ་ཚན་སྣ་ཁ་བཅུ་དྲུག་ཙམ་འཁྲབ་སྟོན་བྱས་པས་མི་ཀུན་གྱིས་དགའ་བསུ་ཚད་མེད་ཐོབ་ཡོད། ལྷན་འཛོམས་ཞེས་པའི་ཟློས་གར་འཁྲབ་ནས་དགོང་ཚོགས་ཡོངས་སུ་མཇུག་བསྡུས་ཤིང་། ཚང་མས་རླབས་ཆེན་གྱི་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པའི་སྨོན་འདུན་ཞུས་ཡོད། འཁྲབ་སྟོན་མཇུག་གྲོལ་རྗེས་ལྟད་མོ་ལྟ་མཁན་དམག་མི་ཚོས་མ་གྲོས་གཅིག་མཐུན་ངང་ལོ་གསར་པའི་ནང་དམག་མིའི་སྙིང་རུས་མི་ཞུམ་པར་དཀའ་བ་ཁྱད་བསད་ཀྱིས་ལས་གནས་བརྟན་སྲུང་བྱ་རྒྱུ་ཡིན་ལ་མེས་རྒྱལ་སྲུང་སྐྱོབ་དང་མི་དམངས་ཐམས་ཅད་འཚོ་བ་སྐྱིད་པོ་ཡོང་ཆེད་རང་གི་ནུས་པས་སྲི་ཞུ་སྒྲུབ་རྒྱུ་ཡིན་ཞེས་བཤད་པ་རེད།