འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཆུ་ཐོག་ཐང་ཆེན་གྱི་མཁའ་ལ་ཤོག་སྦག་ཁྲ་ཆེམ་ཆེམ་སྦར་ནས་ནམ་མཁའི་ཁྱོན་ཀུན་གསལ་ལྷང་ངེར་སྣང་ཞིང་། མི་རིགས་ཁག་གི་མི་དམངས་ཐམས་ཅད་ལྷན་ཅིག་ཏུ་འཛོམས་ནས་ལུས་ལ་གཟབ་མཆོར་སྤྲས་ཤིང་འཛུམ་མདངས་ཤིག་ཤིག་ངང་ལོ་གསར་མཉམ་དུ་བསུས་པ་རེད།
ས་རུབ་མ་ཐག་ཆུ་ཐོག་ཐང་ཆེན་དུ་ཁྱུ་དང་ཁྱུ་བྱས་ནས་མི་མང་པོ་འཛོམས་ཤིང་། མཚན་མོའི་ཆུ་ཚོད10པའི་ཐོག་འདྲ་མིན་སྣ་ཚོགས་ཀྱི་ཤོག་སྦག་དགུང་ལ་འཕེན་ནས་ནམ་མཁའ་ཀུན་ཀྱང་གསལ་བར་བྱེད་ཅིང་། དེར་འདུས་སྐྱེ་བོ་ཀུན་ཀྱང་ནམ་མཁའི་དབྱིངས་ལ་ལྟད་མོའི་རྒྱལ་ཁམས་ཉུལ་བ་རེད། གྲོང་ཁྱེར་གྱི་ཐོག་བརྩེགས་ཁང་ཆེན་དག་གི་གསེང་དུ་ཤོག་སྦག་གི་མེ་སྟག་ཁྲ་ལམ་མེར་མཆེད་ཅིང་མི་རྣམས་ལ་ངོམ་པ་མེད་པའི་ངོ་མཚར་གྱི་མཛེས་སྡུག་ཅིག་བསྐྲུན་ཡོད།
གནམ་གང་གི་མཚན་མོར་ཤོག་སྦག་སྦར་ནས་ལོ་རྙིང་ཕར་ལ་བསྐྱལ་ཞིང་བཀྲ་ཤིས་ལུགས་ལེགས་ཀྱི་ལོ་གསར་པང་དུ་བསུས་ཡོད། དམིགས་བསལ་གྱི་མཚན་མོ་འདི་ལ་གྲོང་མི་ཚོས་ཤོག་སྦག་དགུང་ལ་གཏོར་ནས་ལོ་གསར་པའི་ནང་བཀྲ་ཤིས་རྟེན་འབྲེལ་ཡག་པ་དང་བདེ་ལེགས་ཕུན་སུམ་ཚོགས་པའི་སྨོན་ལམ་ཡང་ཡང་བཏབ་ཡོད།
ཤོག་སྦག་མཚམས་བཞག་པ་དང་བསྟུན་མཛེས་ཤིང་སྡུག་པའི་ཤོག་སྦག་གི་མེ་སྟག་དག་ཀྱང་ག་ལེར་མཁའ་དབྱིངས་ནས་ཡལ་བར་སོང་ཡང་མི་རྣམས་ད་རུང་སྔར་བཞིན་འཚང་ཁ་ཤིག་ཤིག་ངང་མཉམ་དུ་འཛོམས་ནས་འབྲལ་བར་མི་འདོད་པའི་ངང་ཚུལ་ལ་བསམས་ན། དུས་སྐབས་འདི་ནི་མི་རྣམས་ཀྱི་སེམས་པའི་གཏིང་ལ་ཆགས་པའི་ཕྱིར་དྲན་ཞིག་དང་ནམ་ཡང་བརྗེད་པར་མེད་པའི་འོད་ཀྱི་ལམ་བུ་གསལ་བའི་སྒྲོན་མེ་ཞིག་ཏུ་འགྱུར་བ་བསྙོན་མེད་ཡིན།