འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ1ཚེས27ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་ཆབ་མདོར་བཅའ་སྡོད་དྲག་ཆས་ཉེན་རྟོག་དཔོན་དམག་དང་མེ་ཟོན་བཀོད་འཐབ་པ། ངལ་རྩོལ་དཔེ་སྟོན་པ། ནུབ་རྒྱུད་དང་བླངས་པ། ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་རྒན་གྲས་བཅས་ལ་འཚམས་འདྲི་ཞུས་པ་མ་ཟད། གྲོང་ཨུད་དང་གྲོང་ཁྱེར་དམངས་འཐུས། གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་སྲིད་གྲོས་དེ་བཞིན་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་བཅས་ཀྱི་ཚབ་ཞུས་ནས་ཚང་མར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་ལ་སྨོན་འདུན་ཞུས་པ་རེད།
ཆབ་མདོ་གྲོང་ཁྱེར་ཡན་ལག་དམག་ཁུལ་དུ། ལའོ་ཆིན་འུའུ་ཡིས་དཔོན་དམག་ལ་ཁ་བཏགས་བསྒྲོན་པ་དང་རེ་རེ་བཞིན་ཕྱག་བཏང་ནས་ཚང་མར་ལྷག་བསམ་རྣམ་དག་ངང་འཚམས་འདྲི་དང་སྙིང་དབུས་ནས་ཐུགས་རྗེ་ལེགས་འབུལ་ཞུས་ཡོད། ཁོང་གིས་འདས་ཟིན་པའི་ལོ་གཅིག་རིང་གྲོང་ཨུད་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཤིང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཆབ་མདོར་བཏོན་པའི“འགྱུར་གསུམ”གྱི་སྤྱིའི་ངེས་གནས་གཞིར་བཟུང་།“ཐམས་ཅད་ཁ་ཤར་ཕྱོགས་སུ་ཁ་གཏད་དེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་བསྐྲུན་རྒྱུའི”དམིགས་ཚད་ལས་འགན་གཞིར་བཟུང་། བརྟན་ལྷིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས“དོན་ཆེན་བཞིའི”ཐད་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་པ་རེད། གྲུབ་འབྲས་ཐོབ་པ་དེ་ནི་ཆབ་མདོར་བཅའ་སྡོད་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་དཔོན་དམག་གི་རྒྱབ་སྐྱོར་ཤུགས་ཆེན་དང་། དེའི་ནང་ཧུར་ཐག་ཞུགས་ཏེ་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ་ལས་འབྲལ་ཐབས་མེད། མ་འོངས་པར་ཆབ་མདོར་སྔར་བྱུང་མ་མྱོང་བའི་འཕེལ་རྒྱས་ཀྱི་གོ་སྐབས་འཕྲད་ཡོད་ལ། ཆབ་མདོར་བཅའ་སྡོད་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་དཔོན་དམག་གིས་ས་གནས་འཛུགས་སྐྱོང་ལ་སྔར་བས་དོ་ཁུར་དང་རྒྱབ་སྐྱོར་བྱས་ཏེ་དམག་སྲིད་དང་དམག་དམངས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་མུ་མཐུད་སྲ་བརྟན་དང་རྒྱ་ཆེར་འགྲོ་རྒྱུའི་རེ་བ་ཡོད་ཅེས་གསུངས།
མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་དང་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་ཏུ་ལའོ་ཆིན་འུའུ་ཡིས་མེ་ཟོན་རོགས་སྐྱོབ་མི་སྣར་བྱམས་བརྩེའི་འཚམས་འདྲི་གནང་ཞིང་། ཁོང་གིས2024ལོར་གྲོང་ཁྱེར་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་དང་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གི་རྒྱ་ཆེའི་དཔོན་དམག་ཚོས་ཛ་དྲག་དང་དཀའ་ཚེགས་ཉེན་ཁ་ཆེ་བའི་ལས་འགན་སྣ་ཚོགས་འཕྲད་སྐབས་དཔའ་ངར་ཆེ་ལ་ཞུམ་མེད་མདུན་སྐྱོད་ཀྱིས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་གཡས་གཞོགས་གཡོན་འདེགས་གནང་ཡོད། རྒྱ་ཆེའི་མེ་ཟོན་བཀོད་འཐབ་པ་ཚོས་སྲོལ་རྒྱུན་བཟང་པོ་དང་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་མུ་མཐུད་དར་སྤེལ་བཏང་ནས་དཔུང་ཁག་འཛུགས་སྐྱོང་དང་བྱང་ཚད་མཐོར་གཏོང་། སྒྲིག་ཁྲིམས་ནན་གཏོང་བཅས་བྱས་ཏེ་ཕྱོགས་བསྡུས་འཕྲལ་སྡོམ་རོགས་སྐྱོབ་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་། བརྟན་ལྷིང་སྲུང་སྐྱོང་། འཕྲལ་སྡོམ་རོགས་སྐྱོབ་དང་དོན་རྐྱེན་ཐག་གཅོད་སོགས་ཀྱི་ལས་དོན་ཁག་ནང་སླར་ཡང་གྲུབ་འབྲས་གསར་པ་གཏོད་དགོས་པའི་ཐུགས་རེ་གནང་བ་རེད།