འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་གྲོང་ཁྱེར་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་གནས་ཚུལ་གྱི་སྙན་སེང་ལ་གསན་པ་དང་འབྲེལ་ཡོད་ལས་དོན་བཀོད་སྒྲིག་གནང་ཞིང་། ཁོང་གིས་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཁོང་དུ་བརྟན་པོ་ཆུད་པ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བྱས་ཏེ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་གཏོད་གཏིང་ཟབ་གཏོང་བ་དང་། ཆོས་ལུགས་ལས་དོན་དོ་དམ་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་འཕེལ་རྒྱས་དང་སྟོབས་ཆེར་བཅས་བཏང་སྟེ།“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་སྣེ་ཁྲིད་གྲོང་ཁྱེར་འཛུགས་སྐྲུན”ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་ཡོད།
ལའོ་ཆིན་འུའུ་དང་། ལིས་པིང་། དངོས་གྲུབ་ཟླ་བ། ཀྲའོ་པིང་། ཝང་ཧྲི་ཡུས། ཅཱ་ཤིན་ཡུས། ཏིན་ཝུན་ཁྲང་། ཅའེ་ཝུན་ཀོང་བཅས་ཞུགས་ཡོད།
ཀྲོང་ཅིན་སུང་གིས་ན་ནིང་གི་ཚུན་གྱི་གྲོང་ཁྱེར་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ན་ནིང་གི་ཚུན་དུ། གྲོང་ཁྱེར་ཡོངས་ཀྱི་འཐབ་ཕྱོགས་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རང་ངོས་ཀྱི་དམིགས་བསལ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ། ལས་ཀའི་སྒྲིག་གཞི་འཐུས་ཚང་། ལས་འགན་གཙོ་བོ་དོན་འཁྱོལ་བཅས་བྱས་ནས། གྲོང་ཁྱེར་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལ་སྐུལ་འདེད་བཏང་བས་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་གཅིག་འགྲིལ་བྱེད་པའི་ཐད་རྣམ་པ་གསར་པ་མངོན་པ་དང་། ཞབས་ཞུ་དང་འཕེལ་རྒྱས་ཁྱོན་ཡོངས་ལ་བྱས་རྗེས་གསར་པ་ཐོབ་པ། སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་སྲུང་སྐྱོབ་ཐད་ཕན་འབྲས་གསར་པ་བླངས་ནས་ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཧུར་ཐག་གིས་ལེགས་སྐྱེས་ཕུལ་ཡོད་ཅེས་བསྟན།
ཀྲོང་ཅིན་སུང་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་དེ་གྲོང་ཁྱེར་ཡོངས་ཀྱི་ལས་དོན་ཐམས་ཅད་ལས་གོ་གནས་གལ་ཆེན་ཟིན་ཡོད་པས། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་དང་ལྷག་པར་དུ་འཐབ་ཕྱོགས་གཅིག་གྱུར་ཚན་པས་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ལོ་རྒྱུས་གནས་ཕྱོགས་དང་འགན་འཁྲི་གལ་ཆེན་ཁོང་དུ་ཆུད་པ་དང་། ཏང་གི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། གྲོང་ཁྱེར་ཡོངས་ཀྱི་ལས་དོན་ཡོངས་ལ་གཞི་ཚུགས་ཏེ་གཞུང་འཁྱོངས་གསར་འབྱེད་དང་། འགན་འཁུར་ཕྲག་ལེན། སྟོབས་ཤུགས་གཅིག་འགྲིལ་དང་མཐུན་སྒྲིལ་འབད་འཐབ་ཀྱི་ལས་དོན་ཏན་ཏིག་གིས་སྒྲུབ་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་བསམ་ཕྱོགས་ལ་བརྟེན་ནས་ཆབ་མདོའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་དཀའ་གནད་དང་འགག་གནས་གནད་དོན་སེལ་བ་དང་། འཐབ་ཕྱོགས་གཅིག་གྱུར་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་སེལ་བ་བཅས་བྱས་ཏེ། འཐབ་ཕྱོགས་གཅིག་གྱུར་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། ཆབ་མདོའི་འཐབ་ཕྱོགས་གཅིག་གྱུར་བྱ་གཞག་གི་ལེའུ་གསར་པ་ཧུར་ཐག་གིས་རྩོམ་དགོས། མི་རིགས་ཆོས་ལུགས་ལས་དོན་དེ་གཞི་འཛིན་སར་བྱས་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུ་དེ་ཆབ་མདོའི་ལས་དོན་ཁག་གི་གཙོ་ཐིག་ཏུ་བརྩིས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་རྒྱུ་གཏིང་ཟབ་ཏུ་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཐུན་མོང་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་དར་རྒྱས་གོང་འཕེལ་ཡོང་བའི་བསམ་བློའི་རྨང་གཞི་མུ་མཐུད་སྲ་བརྟན་དུ་གཏོང་དགོས། ཆོས་ལུགས་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར། བོད་རྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་རྩ་བའི་ཁ་ཕྱོགས་ཁོང་དུ་ཆུད་པ་བཅས་བྱས་ཏེ། དུས་རབས་གསར་པའི་ཆོས་ལུགས་བཅོས་སྐྱོང་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་དང་།“འདུ་ཤེས་གསུམ་”གྱི་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་བྱས་ནས་རྒྱ་ཆེའི་དགེ་འདུན་པ་ཚོས“རྒྱལ་ཁབ་ནི་ཆོས་ལུགས་ལས་ཆེ་བ་དང་། རྒྱལ་ཁྲིམས་ནི་ཆོས་ཁྲིམས་ལས་ཆེ་བ། སྤྱི་དམངས་ནི་ཆོས་འབངས་ལས་ཆེ་བ”ཞེས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱེད་པ་དང་། བོད་རྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། དགོན་སྡེའི་གསར་གཏོད་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་འཕེལ་རྒྱས་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་བོད་རྒྱུད་ནང་བསྟན་གྱི་དགེ་མཚན་ལྡན་པའི་ནུས་པ་སྔར་ལས་ལེགས་པར་འདོན་སྤེལ་བྱེད་དགོས། དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྟོབས་ཆེར་གཏོང་བ་དང་། སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣ་སྤྱི་ཚོགས་བཅོས་སྐྱོང་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་པ། དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པས་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་བསྒྲུབ་རྒྱུར་སྐུལ་ལྕག་བྱེད་པ། ལས་རིགས་ཁག་གི་མི་སྣ་ཧུར་ཐག་དང་ནུས་ལྡན་ངང་ཏང་གི་མཐའ་འཁོར་དུ་གཅིག་སྡུད་བྱས་ཏེ། ཆེས་རྒྱ་ཁྱབ་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་གཏོང་དགོས་པའི་ནན་བཤད་གནང་ཡོད།