国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年01月31日

ཀྲོང་ཅིན་སུང་གིས་ཐང་སྐྱ་གྲོང་ཚོའི་མང་ཚོགས་དང་མཉམ་དུ་དཔྱིད་གསར་དུས་ཆེན་གཏོང་བ།

གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་དཔྱིད་གསར་གྱི་སྨོན་འདུན་བཟང་པོ་ཞུས་པ།

འདི་ནི་ཀྲོང་ཅིན་སུང་གིས་ཆུ་ཚོད་དང་མོག་མོག་བཟོ་ཞོར་དུ་ཚང་མ་དང་གླེང་མོལ་གནང་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ1ཚེས29ཉིན་གྱི་སྔ་དྲོར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་ཁ་རུབ་ཆུས་ཐང་སྐྱ་གྲོང་ཚོར་ཕེབས་ཏེ་གཞི་རིམ་མང་ཚོགས་དང་ཏང་ཡོན་ལས་བྱེད་པར་འཚམས་འདྲི་བཅར་བ་དང་། གྲོང་ཨུད་དང་དམངས་འཐུས། སྲིད་གཞུང་དང་སྲིད་གྲོས་བཅས་ཀྱི་ཚབ་ཞུས་ཏེ་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་གཞོན་པ་ལའོ་ཆིན་འུའུ་སོགས་གྲོང་ཁྱེར་གྱི་འགོ་ཁྲིད་དག་མཉམ་ཞུགས་བྱས་ཡོད།

དུས་ཆེན་ལ་བཀྲ་ཤིས་རྟེན་འབྲེལ་མཚོན་ཕྱིར་ཐང་སྐྱ་གྲོང་ཚོའི་དུད་ཚང་ཚང་མའི་ཁང་ཐོག་ཏུ་རྒྱལ་དར་དམར་ལྷང་ངེར་བསྒྲོན་ཡོད། གྲོང་ཚོའི་རྣམ་པ་གཙང་ཞིང་མཛེས་ལ་གང་སར་ལྒང་བཞུ་བཏེགས་ནས་བཀྲ་ཤིས་པའི་རྣམ་པས་ཁེངས་ཡོད།

གྲོང་ཚོ་ཨུ་ལྷན་གྱི་བྱེད་སྒོ་ཁང་དུ་སླེབས་སྐབས། ཐང་སྐྱ་གྲོང་ཚོའི་གྲོང་མི་ཚོས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་བཀྲ་ཤིས་པའི་གྲོ་སོག་ཕྱེ་མར་དང་ཞིམ་མངར་ལྡན་པའི་ནས་ཆང་འཁྱེར་ནས་ཀྲོང་ཅིན་སུང་སོགས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་པ་རེད། ཀྲོང་ཅིན་སུང་གིས་ཚང་མར་ཕྱག་བཏང་བ་དང་། ཕན་ཚུན་ཁ་བཏགས་ཕུལ་ནས་སྨོན་འདུན་ཞུས་ཤིང་། གྲོང་ཚོ་ཡོངས་ཀྱི་མི་དམངས་ལ་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ཐང་སྐྱ་གྲོང་ཚོའི་མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ཇེ་དགའ་ཇེ་སྐྱིད་ཡོང་བའི་སྨོན་འདུན་ཞུས་པ་རེད།

གྲོང་ཚོ་ཨུ་ལྷན་གྱི་བྱེད་སྒོ་ཁང་དུ་ཀྲོང་ཅིན་སུང་གིས་གྲོང་མི་ཚོ་དང་དགའ་སྤྲོའི་ངང་ལྷན་དུ་འཛོམས་ནས་ཚང་མ་དང་གླེང་མོལ་བྱས་པ་རེད། ཀྲོང་ཅིན་སུང་གིས་གྲོང་མི་ཚོའི་འཚོ་བའི་གནས་ཚུལ་དང་ལུས་པོའི་གནས་ཚུལ། དེ་བཞིན་གྲོང་ཚོའི་འཕེལ་རྒྱས་དང་འགྱུར་ལྡོག་བཅས་ཀྱི་སྐོར་ནས་བཀའ་འདྲི་ཞིབ་ཕྲ་གནང་ཡོད། ཀྲོང་ཅིན་སུང་གིས་དེ་རིང་ང་ཆེད་མངགས་ཐང་སྐྱ་གྲོང་ཚོའི་ཡུལ་མི་ཚོར་ལྟ་སར་ཡོང་བ་ཡིན་པས། ཁྱེད་ཚོ་དང་མཉམ་དུ་ལོ་གསར་གཏོང་སྐབས། འཚོ་བ་སྐྱིད་པོ་ཡོད་པ་མཐོང་དུས། སེམས་གཏིང་ནས་དགའ་པོ་བྱུང་ལ། ཁྱེད་ཚོའི་འཚོ་བ་ཇེ་ལེགས་སུ་འགྲོ་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

འཇམ་དབྱངས་ཉི་མ་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་འཐུས་མི་ཡིན་ལ། རྒྱལ་ཡོངས་ཀྱི“ལྔ་གཅིག”གི་ངལ་རྩོལ་གཟེངས་རྟགས་ཐོབ་མཁན་ཡང་ཡིན། ཁོང་གིས་ཉེ་བའི་ལོ་ཤས་རིང་གྲོང་ཚོར་དགའ་འོས་པའི་འགྱུར་ལྡོག་ཟམ་མི་ཆད་པར་བྱུང་བ་དང་། 2024ལོར་ཐང་སྐྱ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི891ཟིན་ཡོད་ཅིང་། མི་རེར་ཆ་སྙོམས་ཁེ་སྤོགས་སྒོར17900བགོས་པ་དང་། གྲོང་ཚོ་ཡོངས་ཀྱི་མི་རེར་ཆ་སྙོམས་ལག་ཐོག་ཡོང་འབབ་སྒོར39590ཟིན་ཡོད་ཅེས་བཤད་སྐབས། ཀྲོང་ཅིན་སུང་ཧ་ཅང་དགའ་པོ་བྱུང་ཡོད། ཁོང་གིས་གྲོང་ཚོ་ཨུ་ལྷན་གྱིས་མུ་མཐུད་འབད་བརྩོན་བྱས་ཏེ་གྲོང་མི་ཚོར་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ཐང་སྐྱ་གྲོང་ཚོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་དང་། ཧྲུའུ་ཅི་ཀྲོང་ཅིན་སུང་གི་གསུངས་ལ་ཉན་རྗེས་དེ་གར་ཡོད་པའི་གྲོང་མི་ཐམས་ཅད་སྤྲོ་སེམས་རབ་ཏུ་འཁོལ་བ་དང་སེམས་འགུལ་ཚད་མེད་ཐེབས་ཡོད།

ཀྲོང་ཅིན་སུང་གིས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་སྡེ་ཚན་ཁག་གིས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། མི་དམངས་གོང་དུ་བཀུར་བ་མཐའ་འཁྱོངས་དང་། རང་སྐྱོང་ལྗོངས་ཀྱིས་གཏན་ལ་ཕབ་པའི་དམངས་འཚོའི་བྱ་བ་དངོས་དོན་འཁྱོལ་ནན་ཏན། དམངས་འཚོར་ཕན་འདོགས་པ་དང་དམངས་སེམས་དྲོ་བའི་བྱེད་ཐབས་སྤྱད་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་བ་དང་བདེ་སྣང་སྔར་བས་ཆེ་བ། སྐྱིད་སྣང་སྔར་བས་འགན་ལེན་ཐུབ་པ་བཅས་བྱེད་དགོས་ཤིང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ་དང་། དུས་ཆེན་རིང་གི་ཞབས་ཞུ་འགན་ལེན་ལས་དོན་ཁག་དམ་འཛིན་ཏན་ཏིག་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་དུས་ཆེན་རིང་གི་ལས་དོན་ཁག་དེ་བས་ཞིབ་ཚགས་དང་དེ་བས་ཏན་ཏིག་ངང་བསྒྲུབས་ཏེ། མི་དམངས་མང་ཚོགས་རྣམས་སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན་ཞིག་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་གསུང་གནང་བ་རེད།

ཀྲོང་ཅིན་སུང་སོགས་ཀྱིས་ད་དུང་གྲོང་མི་ཚོ་དང་མཉམ་དུ་གྲོང་ཚོ་དེའི་རིག་རྩལ་རུ་ཁག་གིས་འཁྲབ་པའི་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་ལ་དགྱེས་གཟིགས་གནང་བ་རེད།

གྲོང་ཨུད་དྲིལ་བསྒྲགས་པུའུ་དང་གྲོང་ཁྱེར་རིག་རྩལ་ལྷན་ཚོགས་ཀྱིས་ཡིག་མཁས་མཐུན་ཚོགས་ཀྱི་ཚོགས་མི་སྒྲིག་འཛུགས་བྱས་ཏེ“ལོ་གསར་གྱི་ཤིས་ཚིག་བྲིས་ནས་ལོ་གསར་དགའ་གཏོང་བྱེད”ཅེས་པའི་རིག་རྩལ་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།