国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年01月28日

ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་འཐུས་མི60རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ1པའི་ཚེས19ཉིན་གྱི་སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ལ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་ལྷ་སར་རྒྱལ་ཁའི་ངང་འཚོགས་པ་རེད། ཆབ་མདོའི་མི་རིགས་ཁག་མང་ཚོགས་ཁྲི80ཡི་རེ་སྒུག་དང་མངགས་བཅོལ་ཟབ་མོ་སེམས་ལ་བཅངས་ནས་ལས་རིགས་ཁག་དང་བྱ་གཞག་ཁག་ནས་ཡོང་བའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི60ཡིས་སྙིང་སྟོབས་རབ་ཏུ་འཕེལ་ཏེ་མི་དམངས་ཚོགས་ཁང་ཆེ་མོའི་ནང་བསྐྱོད་ཡོད།

“མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས། ང་ལ་འགན་འཁྲི་གཟི་བརྗིད་ལྡན་པ་དང་འགན་ཁུར་ཧ་ཅང་ལྕི་བའི་ཚོར་སྣང་ཟབ་མོ་ཞིག་སྐྱེས་བྱུང་། ངེས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་ནན་ཏན་གྱིས་གྲོས་ཞིབ་བྱས་ཏེ། མང་ཚོགས་ཀྱི་རེ་འདུན་དང་རེ་སྒུག་ཚོགས་ཆེན་ཐོག་འཁྱེར་བ་དང་། མང་ཚོགས་ཀྱི་ཆེད་དུ་དགོས་མཁོ་སྐོང་བ་དང་དམངས་འཚོའི་ཆེད་དུ་ཁེ་ཕན་སྒྲུབ་ནས་རང་སྐྱོང་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ཐབས་ཇུས་འདོན་རྒྱུ་ཡིན”ཞེས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲང་ཤ་ཡིས་བཤད།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀརྨ་ཚེ་རྒྱལ་གྱིས“ཐེངས་འདིར་ངས་གྲོས་གཞི་གསུམ་འཁྱེར་ཡོད་དེ། གཅིག་ནི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་དང་། ས་ཁུལ་དང་གྲོང་ཁྱེར་ཁག་གི་རང་ངོས་ཀྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཞབས་ཞུའི་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བར་མཐུན་རྐྱེན་བསྐྲུན་དགོས། གཉིས་ནི་གྲོང་གསེབ་དར་རྒྱས་འཛུགས་སྐྲུན་དང་། མཛེས་པའི་གྲོང་གསེབ་འཛུགས་སྐྲུན། རྒྱལ་ལམ317ཉེ་འཁོར་གྱི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་སོགས་ལ་སྔར་བས་སྐུལ་སྤེལ་བཏང་ནས་ས་གནས་དེ་གའི་མང་ཚོགས་འགྲོ་སྐྱོད་དང་ལྗོངས་ཕྱི་ནང་གི་ཡུལ་སྐོར་བར་མཐུན་རྐྱེན་བསྐྲུན་དགོས། གསུམ་ནི་ཐག་རིང་གི་གྲོང་གསེབ་བགྲོད་ལམ་དང་། སྡོད་ཁང་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས། མཛེས་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྔར་བས་སྐུལ་སྤེལ་གཏོང་བར་དངོས་ཡོད་ཀྱི་རྨང་གཞི་འཇོག་དགོས”ཞེས་བཤད།

ཆུ་ཚོད་གཉིས་ལྷག་རིང་འཐུས་མི་ཚོས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་ནན་ཏན་གྱིས་གསན་པ་དང་། རང་སྐྱོང་ལྗོངས་ཀྱི་2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་སྒྲོན་དང་། རང་སྐྱོང་ལྗོངས་ཀྱི་2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་ལ་ཞིབ་བཤེར་དང་། རང་སྐྱོང་ལྗོངས་ཀྱི་2024ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2025ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སྒྲོན་དང་། རང་སྐྱོང་ལྗོངས་ཀྱི་2025ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་ལ་ཞིབ་བཤེར་བཅས་གནང་ཡོད།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་པད་མ་བཀྲ་ཤིས་ཀྱིས“ལས་ཚབ་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་གནང་བའི་《སྙན་སྒྲོན》ནང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དེ་བཞིན་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱིས་ཕྱོགས་ཡོངས་ལ་ཁྱབ་ཡོད་པས། དེ་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”ཐབས་ཇུས་བཀོད་སྒྲིག་སྦྲེལ་མཐུད་དང་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཀྱང་རེད། དངོས་ཡོད་ཀྱི་གྲངས་གཞི་དང་། དགའ་འོས་པའི་གྲུབ་འབྲས། དངོས་ཡོད་ཀྱི་བྱ་ཐབས་བཅས་ལས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་གང་ལེགས་མཚོན་པ་དང་། མི་དམངས་སྲིད་གཞུང་གིས་མི་དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་པའི་འདུ་ཤེས་གང་ལེགས་མངོན་ཡོད་པས། སྙན་སྒྲོན་ལེགས་པོ་ཞིག་རེད། ང་ཚོས་ནན་ཏན་གྱིས་གྲོས་ཞིབ་བྱེད་པ་དང་། ཕྱིར་ལོག་རྗེས་ཐེངས་འདིའི་ཚོགས་འདུའི་དགོངས་དོན་དུས་ཐོག་ཏུ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་ཡིན”ཞེས་བཤད།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བདེ་དགའ་དབང་མོས“མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས། དཔའ་ཤོད་དུ་ཕྱིར་ལོག་རྗེས། ཐེངས་འདིའི་ཚོགས་འདུའི་དགོངས་དོན་དུས་ཐོག་ཏུ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་ཡིན་པ་དང་། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་དཔའ་ཤོད་ཀྱི་འགན་འཁྲི་འཁུར་བ་དང་། དཔའ་ཤོད་ཀྱི་ལེགས་སྐྱེས་འབུལ་བ། དཔའ་ཤོད་ཀྱི་བྱ་སྤྱོད་མངོན་པ་བཅས་བྱས་ཏེ། ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོག་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60འཁོར་བར་བསུ་བ་ཞུ་རྒྱུ་ཡིན”ཞེས་བཤད།