国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年01月28日

ཀྲོང་ཅིན་སུང་གིས་ལྷ་སར་སྡོད་པའི་ཆབ་མདོའི་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པར་འཚམས་འདྲི་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་1ཚེས་22ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་གྲོལ་མ་ཐག་པའི་ཉིན་དང་པོར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ལྷ་སར་སྡོད་པའི་ཆབ་མདོའི་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པར་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། ཁོ་ཚོར་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཡང་ཞུས་པ་རེད། གྲོང་ཁྱེར་གྱི་འགོ་ཁྲིད་ཆིས་ཡན་ཧའེ་དང་། རྡོ་རྗེ་དགྲ་འདུལ་ལྷན་དུ་ཞུགས་ཡོད།

གྲོང་ཁྱེར་གྱི་འགོ་ཁྲིད་ལིས་པིང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཡོད།

ཀྲོང་ཅིན་སུང་གིས་ཚང་མར་བྱམས་བརྩེའི་ཕྱག་འཇུ་བཏང་ནས་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ་དང་འབྲེལ་ཁོ་ཚོ་བརྒྱུད་ཆབ་མདོར་ཕྱག་ལས་གནང་མྱོང་བ་དང་ཆབ་མདོའི་བརྟན་ལྷིང་འཕེལ་རྒྱས་བྱ་གཞག་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་མཁན་བློ་མཐུན་རྒན་གྲས་ལ་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་རྣམ་དག་ངང་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་འདས་མ་ཐག་པའི་ལོ་གཅིག་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། ཧྲུའུ་ཅི་ཝང་ཅོན་ཀྲེང་གིས་ཚོགས་གཙོ་གནང་བའི་ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་བཅས་ཀྱི་འོག་ཏུ། ཆབ་མདོ་འདི་ཉིད་ལྗོངས་ཡོངས་དང་འདྲ་བར་བརྟན་ལྷིང་འཕེལ་རྒྱས་ཀྱི་གྲུབ་འབྲས་བཟང་པོ་བླངས་ཡོད། གྲུབ་འབྲས་དེ་དག་ཐོབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལ་ཐུག་ཡོད་ལ། ཧྲུའུ་ཅི་ཝང་ཅོན་ཀྲེང་དང་ཧྲུའུ་ཅི་ཝང་ཅོན་ཀྲེང་གིས་ཚོགས་གཙོ་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་ལ་ཡང་ཐུག་ཡོད། སྐབས་རིམ་བྱུང་གི་ཚན་ཁག་གིས་བཞག་པའི་རྨང་གཞི་བརྟན་པོ་དང་ལྷག་པར་དུ་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས་བཅས་ཀྱི་ཐུགས་ཁུར་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད་ཅེས་གསུངས་པ་རེད།

ཀྲོང་ཅིན་སུང་གིས་ཆབ་མདོའི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་རེ་རེ་ནི་བློ་མཐུན་རྒན་གྲས་དག་གི་དཀའ་སྤྱད་འབད་འཐབ་དང་སྒེར་སེམས་མེད་པའི་ལེགས་སྐྱེས་དང་ཁ་འབྲལ་ཐབས་མེད། ཁྱོད་ཚོས་རང་རང་གི་ལས་གནས་ཐོག་ཆབ་མདོའི་བྱ་གཞག་ཁག་གི་ཆེད་ལ་ལང་ཚོ་ལེགས་སྐྱེས་སུ་ཕུལ་བ་དང་རྔུལ་ཆུ་བཏོན་ནས་འབད་འཐབ་ཀྱི་རྐང་རྗེས་བཞག་ཡོད། ཁྱོད་ཚོའི་ལེགས་སྐྱེས་ཧུར་ཐག་ཕུལ་བ་དེ་མི་དམངས་ཀྱིས་བརྗེད་མི་སྲིད་ལ་ལོ་རྒྱུས་ཀྱིས་ཀྱང་བརྗེད་མི་སྲིད། བློ་མཐུན་རྒན་གྲས་ནི་ཆབ་མདོ་འཕེལ་རྒྱས་གཏོང་བའི་རྒྱུ་ནོར་རྩ་ཆེན་དེ་ཡིན་ལ། ཉམས་མྱོང་ཕུན་སུམ་ཚོགས་པ་དང་བློ་གྲོས་གཏིང་ཟབ་མོ་ལྡན་པས་མུ་མཐུད་ཆབ་སྲིད་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་གཏོང་དང་། ཏང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་ཧུར་ཐག་གིས་དྲིལ་བསྒྲགས། ཉམས་མྱོང་གི་དགེ་མཚན་འདོན་སྤེལ་གང་ལེགས་བཅས་བྱས་ནས་ཆབ་མདོའི་ཐོན་ལས་འཕེལ་རྒྱས་དང་། དམངས་འཚོར་ལེགས་གཏོང་། སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་ཐད་ལ་བསམ་འཆར་དང་གྲོས་འགོ་མང་ཙམ་བཏོན་ནས་ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱ་གཞག་ཁག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན།

ཀྲོང་ཅིན་སུང་གིས་ཆབ་མདོའི་འཐབ་ཇུས་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ལངས་ནས་ཆབ་མདོ་འདི་ཉིད་ཏང་ཡོངས་དང་། རྒྱལ་ཡོངས། ལྗོངས་ཡོངས་བཅས་ཀྱི་འཕེལ་རྒྱས་ཁྱོན་ཡོངས་ཁྲོད་ཀྱི་གནས་བབ་ལ་ཞིབ་ལྟ་དང་། ཆབ་མདོའི་དམིགས་བསལ་གྱི་ལེགས་ཆ་དང་ཞན་ཆ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་པས་ཆབ་མདོའི་ཆེས་འབུར་ཐོན་གྱི་ཁྱད་ཆོས་ནི“དམར་མདངས”ཡིན་པ་དང་། ཆེས་ཕན་ཡོད་ཀྱི་ལེགས་ཆ་ནི་གནས་ཡུལ་དང་ཐོན་ཁུངས་ཀྱི་ལེགས་ཆ་ཡིན་པ། ཞན་ཆ་ཆེ་ཤོས་ནི་འགྲིམ་འགྲུལ་འཇུར་མིག་ཚོད་འཛིན་ཡིན་པ་གནད་ཟིན་པར་བྱས་ཡོད། ཧྲུའུ་ཅི་ཝང་ཅོན་ཀྲེང་དང་ཧྲུའུ་ཅི་ཝང་ཅོན་ཀྲེང་གིས་ཚོགས་གཙོ་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི“འཛུགས་གཏོད་བཞི”དང་“མདུན་གྲལ་དུ་སླེབས་པ་བཞིའི”འཐབ་ཇུས་དམིགས་འབེན་གྱི་ཁྲིད་སྟོན་འོག“ཆབ་མདོ་ནི་གང་ཞིག་ཡིན་པ་དང་། གང་ཞིག་སྒྲུབ་དགོས་པ། ཇི་ལྟར་སྒྲུབ་དགོས་པ”བཅས་ལ་དམ་པོར་དམིགས་ནས། དཔའ་ངར་ཆེན་པོས“འཛུགས་གཏོད་བཞི”དང་“མདུན་གྲལ་དུ་སླེབས་པ་བཞིའི”སྔོན་སྐྱོད་རུ་ཁག་དང་གདོང་ལེན་དམག་མི་ཞིག་བྱེད་པར་བརྩོན་ལེན་བྱེད་པའི་འབོད་སྐུལ་བཏང་བ་དང་། ཧྲུའུ་ཅི་ཝང་ཅོན་ཀྲེང་གིས་ཆབ་མདོ་འདི་ཉིད“འཛུགས་སྐྲུན་གཏོད་གསུམ”གྱི་སྤྱིའི་གནས་ངེས་དང་སྤྱིའི་བླང་བྱ་ཐག་གཅོད་བྱེད་པར།“ཡོད་ཚད་ཤར་ཕྱོགས་སུ་བསྐྱོད་ནས་ཡུན་རིང་བདེ་སྐྱིད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་འཛུགས་སྐྲུན་བྱེད་དགོས”ཞེས་པའི་ལས་ཀའི་དམིགས་འབེན་ཁ་གསལ་བྱས་པ་དང་། བོད་ཡུན་རིང་བདེ་སྐྱིད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་ཞུ་དང་། འགན་ལེན། འདེགས་སྐྱོར་བཅས་བྱས་ཏེ། རང་འགུལ་ངང་འགན་འཁྲི་འཁུར་དགོས་པ་དང་། འགན་འཁྲི་བསྒྲུབས་དགོས་པ། ལེགས་སྐྱེས་འབུལ་དགོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་། ཧྲུའུ་ཅི་ཝང་ཅོན་ཀྲེང་དང་ཧྲུའུ་ཅི་ཝང་ཅོན་ཀྲེང་གིས་ཚོགས་གཙོ་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་དང་བློ་མཐུན་རྒན་གྲས་ཚང་མས་རྒྱབ་སྐྱོར་ཤུགས་ཆེན་བྱས་ན། ང་ཚོས་མདུན་སྐྱོད་ལམ་བུའི་ཐོག་གི་དཀའ་ངལ་དང་འགལ་རྐྱེན་ལས་རྣམ་པར་རྒྱལ་ནས་ཧུར་བརྩོན་ཆེན་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོའི་ལག་ལེན་གྱི་ལེའུ་གསར་པ་འབྲི་ཐུབ་པ་དང་། འགན་འཁྲི་གསར་པ་དང་བྱ་སྤྱོད་གསར་པར་བརྟེན་ནས་ཕྱོགས་གཅིག་ནས་ཆབ་མདོའི་གཟི་བརྗིད་བརྩོན་ལེན་བྱེད་དགོས་ལ་བོད་སྤྱི་ཡོངས་ནས་ངོ་མཚར་ཡང་གཏོད་དེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མངགས་བཅོལ་ཆེན་པོ་དང་བློ་མཐུན་རྒན་གྲས་ཚང་མའི་རེ་བ་ཆེན་པོ་སྟོང་ཟད་དུ་མི་འགྲོ་བར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་ཅེས་ནན་བཤད་གནང་ཡོད།

བློ་མཐུན་རྒན་གྲས་དཔལ་ལྡན་དང་དབང་ཚེ་བརྟན་གཉིས་ཀྱི་གཏམ་བཤད་ནང་ཏང་གིས་ཐུགས་ཁུར་དང་གསོ་སྐྱོང་གནང་བའི་དྲིན་ལན་དང་ཆབ་མདོར་འབད་འཐབ་བྱས་རྗེས་བཞག་པའི་གཟི་བརྗིད་དང་སྤོབས་པ་མཚོན་ཡོད།