国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年01月28日

ཀྲོང་ཅིན་སུང་གིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ1པའི་ཚེས25ཉིན་གྱི་ཕྱི་དྲོར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས། ཧྲུའུ་ཅི་ཝང་ཅོན་ཀྲེང་གི་ཉེ་དུས་ཀྱི་འབྲེལ་ཡོད་གསུང་བཤད་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། འབྲེལ་ཡོད་ལས་དོན་སྙན་སེང་ལ་གསན་པ། འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བཅས་གནང་ཡོད།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟླ1པའི་ཚེས20ཉིན་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་དང་ཏང་ཕྱིའི་མི་སྣ་དང་ལྷན་དུ་དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། རྩིས་བཤེར་ལས་དོན་ལ་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། གྲོང་ཁྱེར་ཡོངས་ཀྱི་རྩིས་བཤེར་ལས་དོན་སྤེལ་ཚུལ་གྱི་སྙན་སེང་ལ་གསན་པ་རེད། ཀྲོང་ཅིན་སུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱིས་ང་ཚོས་འཐབ་ཕྱོགས་གཅིག་གྱུར་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོབ། རྩིས་བཤེར་ལྟ་སྐུལ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་འཐབ་ཕྱོགས་གཅིག་གྱུར་ཚན་པ་དང་རྩིས་བཤེར་ལས་ཁུངས་ཀྱིས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཏན་ཏིག་གིས་ལག་བསྟར་དོན་འཁྱོལ་ཡོང་བར་དམ་འཛིན་བྱེད་དགོས་ཞེས་བསྟན།

ཚོགས་འདུའི་ཐོག་རྒྱལ་ཡོངས་རྩ་འཛུགས་པུའུ་ཀྲང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། གྲོང་ཁྱེར་ཡོངས་ཀྱི་རྩ་འཛུགས་ལས་དོན་སྤེལ་ཚུལ་གྱི་སྙན་སེང་ལ་གསན་ཡོད། ཀྲོང་ཅིན་སུང་གིས་ན་ནིང་གི་ཚུན་དུ་གྲོང་ཁྱེར་ཡོངས་ཀྱི་རྩ་འཛུགས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ལོ་གསར་པའི་ནང་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་རྩ་འཛུགས་ཚན་པས་ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལྷག་པར་དུ་རྒྱལ་ཡོངས་རྩ་འཛུགས་པུའུ་ཀྲང་གི་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ།“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་གཙོ་གནད་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་རྩ་འཛུགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་དགོས་པའི་ནན་བཤད་གནང་ཡོད།

ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཀྱི“ཚོགས་འདུ་གཉིས”ཀྱི་དགོངས་དོན་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་ཆབ་མདོའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད་དགོངས་དོན་དང་ཧྲུའུ་ཅི་ཝང་ཅོན་ཀྲེང་གིས་དུས་ཆེན་གོང་གི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་། ཟོག་གོང་བརྟན་པོ། བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་སྐབས་ཀྱི་གསུང་བཤད་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཀྲོང་ཅིན་སུང་གིས་རང་སྐྱོང་ལྗོངས་ཀྱི“ཚོགས་འདུ་གཉིས”ནི་2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད”ཀྱི་མཇུག་བསྡུའི་ལོ་ཡིན་ལ། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་ཡིན། ཧྲུའུ་ཅི་ཝང་ཅོན་ཀྲེང་གི་རང་སྐྱོང་ལྗོངས་ཀྱི“ཚོགས་འདུ་གཉིས”རིང་གི་གསུང་བཤད་ལས་2024ལོའི་ལས་ཀའི་གྲུབ་འབྲས་ཁག་ཁྱོན་ཡོངས་ནས་ཕྱོགས་བསྡོམས་དང་ད་ལོའི་ལས་དོན་ཡག་པོ་སྒྲུབ་པར་མ་ལག་ལྡན་པའི་སྒོ་ནས་བཀོད་སྒྲིག་གནང་བ་དེ་ནི་ང་ཚོའི་ད་ལོའི་ལས་དོན་ཡག་པོ་སྒྲུབ་པའི་གཞི་འཛིན་ས་གཙོ་བོ་ཡིན། ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱིས་གྲུབ་འབྲས་ཕྱོགས་བསྡོམས་བྱས་པ་དངོས་ཐོག་བདེན་འཚོལ་ཡིན་པ་དང་། གནས་བབ་ཡང་དག་པ་དང་ཆ་ཚང་བའི་སྒོ་ནས་ཁོང་དུ་ཆུད་པ། ལས་དོན་ཧྲིལ་བོ་བཀོད་སྒྲིག་བྱས་པ་གནད་ལ་འཁེལ་ཞིང་ཚན་རིག་མཐུན་པ་ཡོད། རེན་ཝེ་དང་། བསྟན་ཁོ། ཐང་མིན་དབྱིན། ཀྲང་ཧུང་པའོ་བཅས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་མཐུན་སྔ་རྗེས་སུ་ཆབ་མདོའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་མ་ཟད། ཆབ་མདོའི་ལས་དོན་ཁས་ལེན་གང་ལེགས་དང་ཆབ་མདོའི་འཕེལ་རྒྱས་ལ་རེ་བ་ཟབ་མོ་བཅངས་པ་དེས་ང་ཚོས་ལས་དོན་ཡག་པོ་སྒྲུབ་པའི་ཡིད་ཆེས་དང་ཆོད་སེམས་ཆེ་རུ་ཕྱིན་ཡོད། གྲོང་ཁྱེར་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་རང་སྐྱོང་ལྗོངས་ཀྱི“ཚོགས་འདུ་གཉིས”ཀྱི་དགོངས་དོན་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱི་གསུང་བཤད་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། བསམ་བློ་དང་བྱ་སྤྱོད་དེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་པ་དང་། གོ་སྐབས་དམ་འཛིན་དང་། རང་འགན་ཕྲག་འཁུར། ལག་བསྟར་དོན་འཁྱོལ་ཡོང་བར་ནུས་ཤུགས་ཡོད་རྒུས་དམ་འཛིན་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་འཛུགས་སྐྲུན་བྱེད་པར་དེ་བས་ཆེ་བའི་ལེགས་སྐྱེས་འབུལ་བ་དང་། གཡུར་དུ་ཟ་བའི་གྲུབ་འབྲས་ལ་བརྟེན་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་ཟབ་མོར་དྲིན་ལན་འཇལ་དགོས་ཞེས་བསྟན།

ཚོགས་འདུའི་ཐོག་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་ཡོད།