国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年01月14日

ཆབ་མདོ་གྲོང་ཁྱེར་སྤྱི་ཚོགས་ལས་རིགས་ཁག་གིས་གཞིས་རྩེ་དིང་རི་རྫོང་ཡོམ་ཁུལ་དུ་དངོས་ཟོག་ཞལ་འདེབས་ཕུལ་བ།

ཆབ་མདོ་གྲོང་ཁྱེར་སྤྱི་ཚོགས་ལས་རིགས་ཁག་གིས་ཞལ་འདེབས་འབུལ་བའི་ཡུལ་དངོས་ཡིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གཅེས་སེམས་སྟོབས་ཤུགས་གཅིག་ཏུ་སྒྲིལ། རེ་བའི་དྲོད་འཁོལ་བརྒྱུད་བསྒྲགས་བྱེད། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པའི་ཚུན་དུ། ཆབ་མདོ་གྲོང་ཁྱེར་སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སེམས་མི་སྣས་ཡོམ་ཁུལ་དུ་དངོས་ཟོག་ཞལ་འདེབས་ཕུལ་ཡོད།

ཟླ1པའི་ཚེས9ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཆབ་མདོ་གྲོང་ཨུད་སྤྱི་ཚོགས་ལས་དོན་པུའུ(གྲོང་ཨུད་གསར་གཉིས་བྱ་བའི་ཨུ་ཡོན་ལྷན་ཁང)དང་། གྲོང་ཁྱེར་དམངས་སྲིད་ཅུས། གྲོང་ཁྱེར་སྤྱི་ཚོགས་རྩ་འཛུགས་ལས་རིགས་ཏང་ཨུད་བཅས་ཀྱིས་ཆབ་མདོ་བུད་མེད་ཁེ་ལས་པའི་མཐུན་ཚོགས་དང་། ཆབ་མདོ་གྲོང་ཁྱེར་མཁར་གྲོང་ཁྱེར་འབར་རླངས་མཐུན་ཚོགས། ཆབ་མདོ་གྲོང་ཁྱེར་ཁམས་པའི་རྟ་རྩལ་མཐུན་ཚོགས་སོགས་སྤྱི་ཚོགས་རྩ་འཛུགས་སྒྲིག་འཛུགས་བྱས་ཏེ་ཡོམ་འགོག་གེགས་སེལ་གཅིག་སྡུད་ཞལ་འདེབས་འབུལ་བའི་མཛད་སྒོ་སྤེལ་ཡོད།

“བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་རྗེས། ཆབ་མདོ་གྲོང་ཁྱེར་སྤྱི་ཚོགས་རྩ་འཛུགས་ལས་རིགས་ཏང་ཨུད་ཀྱིས་དུས་ཐོག་ཏུ་གྲོས་འགོ་བཏོན་ཞིང་གྲོང་ཁྱེར་ཡོངས་མགྱོགས་མྱུར་ངང་བྱ་སྤྱོད་སྤེལ་བར་སྒྲིག་འཛུགས་བྱས་པས། མིག་སྔའི་བར་ཁྱོན་གཅེས་སེམས་འབུལ་བའི་སྤྱི་ཚོགས་རྩ་འཛུགས6དང་གཅེས་སེམས་མི་སྣ228ཀྱིས་གཞིས་རྩེ་ཡོམ་ཁུལ་དུ་སྒོར་ཁྲི25.15ཞལ་འདེབས་ཕུལ་ཡོད། གོམ་སྟབས་རྗེས་མར་ང་ཚོས་སྤྱི་ཚོགས་རྩ་འཛུགས་ཀྱི་འདོན་སྤེལ་ནུས་པ་གང་ལེགས་བྱས་ཏེ་གནོད་ཐེབས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་སླར་གསོ་ཡོང་བར་འབད་འཐབ་བྱ་རྒྱུ་ཡིན”ཞེས་ཆབ་མདོ་གྲོང་ཁྱེར་དམངས་སྲིད་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་གཞོན་པ། རིམ་པ་དང་པོའི་བརྟག་ཞིབ་པ། གྲོང་ཁྱེར་སྤྱི་ཚོགས་རྩ་འཛུགས་ལས་རིགས་ཏང་ཨུད་ཧྲུའུ་ཅི་བཅས་ཡིན་པའི་ལིས་ཅོན་ཆིས་ཀྱིས་གསར་འགོད་པར་བཤད།

དེ་དང་ཆབས་ཅིག་ཏུ་ཆབ་མདོ་གྲོང་ཁྱེར་སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སེམས་མི་སྣས་རོགས་སྐྱོར་གྱི་ཕྱག་ཟུང་རིང་དུ་བརྐྱངས་པ་དང་སྤྱི་ཚོགས་ཀྱི་འགན་འཁྲི་དང་དུ་བླངས་ཏེ་ཡོམ་ཁུལ་སྤུན་ཟླ་དང་དཀའ་སྡུག་མཉམ་མྱོང་བྱས་ཡོད། ཚང་མས་དགུན་ལྷམ་དང་། པག་ལྡིག རྩམ་པ། གཙང་ཤོག་དེ་བཞིན་འབྲས་དང་། ཕྱེ། སྣུམ་སོགས་དངོས་རྫས་རིགས་ཁྱོན་རིན་ཐང་སྒོར་ཁྲི15རེ་བའི་ཞལ་འདེབས་ཕུལ་ཡོད།