国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年01月10日

ཀྲོང་ཅིན་སུང་གིས་ཆབ་མདོའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ1པའི་ཚེས6ཉིན་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཆབ་མདོའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ཆེད་དོན་ཚོགས་འདུ་འཚོགས་པ་རེད། ལའོ་ཆིན་འུའུ་དང་། ཝང་ཡ་ཏུང་། དངོས་གྲུབ་ཟླ་བ། ཝུའུ་དབྱིང་ཧའེ། ཅཱ་ཤིན་ཡུས། ཏིན་ཝུན་ཁྲང་བཅས་ཞུགས་ཡོད།

ཀྲོང་ཅིན་སུང་གིས་གྲོང་ཁྱེར་ཡོངས་ཀྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཆེད་དོན་ཚོགས་འདུ་འཚོགས་དོན་དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལྷག་པར་དུ་རིག་གནས་ཡུལ་སྐོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ཧྲུའུ་ཅི་ཝང་ཅོན་ཀྲེང་གི་མཛུབ་སྟོན་དང་བཀོད་སྒྲིག་ལག་བསྟར་བྱེད་པའི་དགོས་ངེས་ཀྱི་གདམ་ག་དང་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུ་དེ“ཅིའི་ཕྱིར་ཡིན་པ་དང་། གང་ཞིག་ཡིན་པ། གང་ཞིག་སྒྲུབ་དགོས་པ། ཇི་ལྟར་སྒྲུབ་དགོས་པ”བཅས་ཁ་གསལ་བཟོ་བའི་ཐད་ཤུགས་བརྒྱབ་ནས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་བ་དང་། རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་འགོ་ཚུགས་ས་དང་དོན་ལ་འབབ་སར་ཁ་གསལ་བཟོ་དགོས། (པར་ངོས་བཞི་པར་གཟིགས) (པར་ངོས་དང་པོར་མཐུད) ཐོན་ཁུངས་ནི་རྩ་བ་དང་ཁྱད་ལྡན་ནི་གཞི་རྩ། རིག་གནས་ནི་རྣམ་ཤེས་ཡིན་པ་མཐའ་འཁྱོངས་བྱས་ཏེ། སྤུས་རྟགས་གཏོད་དེ་དམངས་ལ་ཕན་པ་བསྐྲུན་པ་དང་ཡུལ་སྐོར་བ་ནང་འགུགས་བྱེད་དགོས། ཡུལ་སྐོར་བ་ལྟེ་བར་འཛིན་པ་དང་།

ཡུལ་སྐོར་བ་འདུག་ཏུ་འཇུག་རྒྱུ་དམིགས་ཡུལ་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་རང་གཤིས་ཅན་གྱི་འཛད་སྤྱོད་རྣམ་པ་བསྐྲུན་ནས་ཡུལ་སྐོར་བ་རྣམས་ལ་སྣ་མང་ཅན་གྱི་རྣམ་གྲངས་ཀྱི་ཉམས་ལེན་མཁོ་འདོན་བྱས་ཏེ།“རྒྱལ་མཚམས་ལས་བརྒལ་བའི་ཡུལ་སྐོར”དེ“དམིགས་སའི་ཡུལ་སྐོར”དུ་བསྒྱུར་རྒྱུར་སྐུལ་འདེད་བཏང་སྟེ། ཡུལ་སྐོར་བ་སྤྲོ་སྣང་དང་བསྟུན་ནས་ཡོང་བ་དང་སྤྲོ་སྣང་གིས་ཕྱིར་ལོག་ཐུབ་པ་བྱ་དགོས་ཅེས་བསྟན།

ཀྲོང་ཅིན་སུང་གིས་ཆབ་མདོ་འདི་ཉིད་ནི“ལམ་གཉིས་ཀྱི་སྙིང་སྟོབས”དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”གསར་སྐྲུན་བྱེད་མཁན་དང་། རྒྱུན་འཛིན་བྱེད་མཁན། དར་སྤེལ་གཏོང་མཁན་བཅས་གལ་ཆེན་ཞིག་ཡིན་པས། གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་དང་གསར་གཏོད་རང་བཞིན་གྱི་རྒྱུན་འཛིན་ཡག་པོ་བྱེད་དགོས། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འཆར་འགོད་ཡག་པོ་བྱེད་སྐབས“དམར་མདངས་ཆབ་མདོའི”དུས་རབས་ཀྱི་གོ་དོན་གསར་པ་ཡང་དག་པ་དང་ཁོང་དུ་ཆུད་པར་བྱས་ཏེ“དམར་མདངས་ཆབ་མདོ”དང་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་གཏིང་ཟབ་དང་གཅིག་རམ་གཅིག་འདེགས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། དུས་རབས་གསར་པ་དང་དུས་མཚམས་གསར་པར་ཆབ་མདོའི་ཐོན་ཁུངས་ཆེ་ཤོས་དང་ཁྱད་ཆོས་ཆེ་ཤོས་ནི“དམར་མདངས”ཡིན་པ་དང་ཆབ་མདོའི་ནུས་རྒྱུ་གཙང་མ་དང་ཁྱད་ལྡན་ཞིང་འབྲོག་ལས་མཉམ་འདྲེས་ནུས་ལྡན་ཐུབ་པ་བྱེད་ནས་དམིགས་སའི་ཡུལ་སྐོར་གཙོ་བོར་བྱེད་པ་དང་།“རྒྱལ་ཁབ་ཀྱི་གསར་བརྗེའི་ཡུལ་སྐོར་མཉམ་འདྲེས་དཔེ་སྟོན་ཁུལ”བསྐྲུན་རྒྱུ་དམིགས་ཚད་དུ་བྱེད་ནས། དམར་མདངས་ལ་གཞིགས་ཏེ་ཟ་སྡོད་ཉོ་སྒྲུབ་སོགས་རིག་གནས་དང་ཡུལ་སྐོར་གྱི་རྒྱུ་རྐྱེན་གཙོ་བོ་བཟོས་ཏེ་གསར་བརྗེའི་ཐོན་ཁུངས་དང་ཐུན་མིན་ཁྱད་ཆོས་སྔོག་འདོན་གང་ལེགས་བྱེད་དགོས། གསར་བརྗེའི་རིག་གནས་ཐོན་ཁུངས་དེ་ཆབ་མདོར་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་གྱི་རིམ་ཁག་ཏང་གི་སློབ་གྲྭའི་ལས་བྱེད་པའི་གསོ་སྦྱོང་བྱ་ཡུལ་གལ་ཆེན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་སྟེ། མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་། མངོན་གསལ་དོད་པའི་གསར་བརྗེའི་རིག་གནས། སྤུས་ལེགས་ཀྱི་ཞབས་ཞུའི་མྱོང་ཚོར་བཅས་ལ་བརྟེན་ནས་ཆབ་མདོར་སློབ་སྦྱོང་བྱེད་པར་ཡོང་བའི་ཏང་ཡོན་ལས་བྱེད་པ་ཚང་མ་ཆབ་མདོའི་རིག་གནས་ཡུལ་སྐོར་གྱི“དྲིལ་བསྒྲགས་ངོ་སྤྲོད་ཕོ་ཉ”ཞིག་ཏུ་འགྱུར་བ་བྱེད་ཅིང་། ཁོང་ཚོའི་་བརྒྱུད་ནས་ཡུལ་སྐོར་བ་སྔར་ལས་མང་བ་ཆབ་མདོར་ཡོང་རྒྱུའི་ཡིད་དབང་འགུག་ཐུབ་པ་བྱེད་དགོས་ཞེས་བསྟན། ཀྲོང་ཅིན་སུང་གིས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་བརྒྱུད་རིམ་ལྡན་པའི་ངང་གཅིག་སྡུད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཆབ་མདོ་གྲོང་ཁུལ་དུ་རིག་གནས་ཡུལ་སྐོར་ཐོན་ལས་གཅིག་སྡུད་ཡག་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་སྤུས་ཚད་མཐོར་གཏོང་དང་འགྲིམ་འགྲུལ་ལམ་དྲ་རྒྱ་འཛུགས་སྐྲུན་ཡག་པོ་བྱེད་པ་དང་། བོད་སྐྱོད་ལམ་ཐིག་གལ་ཆེན་ལ་དམ་པོར་དམིགས་ཏེ་ཐོན་ལས་འཆར་འགོད་ཡག་པོ་བྱེད་ནས། བཟའ་སྡོད་དང་འགྲོ་སྐྱོད། སྤྲོ་སྐྱིད་བཅས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་མ་ལག་འཛུགས་པ་བཅས་བྱེད་དགོས་ཤིང་། སྲིད་ཇུས་ཀྱི་ཕྱོགས་སྟོན་དང་ལས་གཞི་ལག་བསྟར་གྱི་སྤྱི་ཡོངས་ཀྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་སྤྱི་ཡོངས་ནས་ས་ཁོངས་གཅིག་ལ་ཞབས་འདེགས་ཞུ་བ་དང་། ས་ཁོངས་གཅིག་ནས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། ཐབས་ལམ་ཁ་གསལ་བཟོ་བ་བཅས་བྱས་ཏེ་མིག་སྔར་དང་སླད་ཕྱིན་གྱི་ཐབས་ལམ་གཏན་འཁེལ་ཡག་པོ་བྱེད་དགོས། སྡེ་ཚན་ཁག་གིས་ལས་དོན་དངོས་དང་ཟུང་འབྲེལ་གྱིས་རྨང་གཞི་འདིང་བ་དང་ཕུགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། ཡུལ་སྐོར་བའི་དགོས་མཁོ་སྟོན་ཕྱོགས་སུ་བྱེད་པ། རིག་གནས་དང་ཡུལ་སྐོར་གྱི་ཆ་འཕྲིན་ལག་རྩལ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ། དྲ་ཐོག་ཡུལ་སྐོར་གྱི་ཐོན་ལས་ཟུང་འབྲེལ་གཏིང་ཟབ་བྱེད་པ། ཡུལ་སྐོར་བའི་མྱོང་ཚོར་ཟབ་ཏུ་གང་དྲག་གཏོང་བ་བཅས་བྱས་ཏེ་ཁེ་ལས་དང་ལས་ཁུངས་དེ་བས་མང་བ་ཞིག་ཆབ་མདོར་ཡོང་ནས་མ་འཇོག་ལས་གཏོད་བྱ་རྒྱུའི་ཡིད་དབང་འགུག་པ་དང་ཞིང་འབྲོག་མང་ཚོགས་དང་རིག་གནས་ཡུལ་སྐོར་ལས་རིགས་གཉེར་མཁན་ལ་ཡོང་འབབ་འཕར་ནས་ཕྱུག་པོ་འགྱུར་བ་བྱེད་དགོས་ལ། 2030ལོར་སླེབས་སྐབས་ཆང་མདོར་ཡོང་བའི་ཡུལ་སྐོར་བའི་གྲངས་འབོར་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བྱས་ཏེ“དམར་མདངས་ཆབ་མདོའི”ཤུགས་རྐྱེན་དང་མཚན་སྙན་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་ཡོད།

ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་གྱི་ལམ་ནས་འཚོགས་ཤིང་། ཚོགས་འདུའི་ཐོག《ཆབ་མདོ་གྲོང་ཁྱེར་ཇ་རྟའི་གཞུང་ལམ་རིག་གནས་ཡུལ་སྐོར་གྱི་སྤྱི་ཡོངས་འཆར་འགོད》དང་། 《ཆབ་མདོ་གྲོང་ཁྱེར་གྱི་རྒྱལ་ལམ་རྒྱུད་ཀྱི“དམར་མདངས”ས་ཁམས་མཚོན་རྟགས་དང་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་ཀྱི་འཆར་འགོད》དེ་བཞིན་ཆབ་མདོའི་རིག་གནས་ཡུལ་སྐོར་དེ་ཟླ་ཆུ་དང་མའེ་ཀུང་ཆུ་བོ་མཉམ་ལས་ལམ་སྲོལ་གྱི་འབྲེལ་ཡོད་གནས་ཚུལ་སྐོར་གྱི་སྙན་ཞུར་གསན་པ་དང་། ཚོགས་འདུར་ཞུགས་མཁན་བློ་མཐུན་ཚོས་གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་ཐད་སྤེལ་རེས་དང་གཏམ་བཤད་གནང་བ་རེད།