国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年12月28日

གྲོང་ཁྱེར་སྲིད་གྲོས་སྐབས་གཉིས་པའི་ཚོགས་འདུ་ཐེངས་ལྔ་པ་གཟབ་རྒྱས་ངང་འགོ་ཚུགས་པ།

རྡོ་རྗེ་དགྲ་འདུལ་གྱིས་ལས་དོན་སྙན་སྒྲོན་གནང་བ། ཧུའུ་ཏན་ཧྥུའུ་ཡིས་གྲོས་གཞིའི་ལས་དོན་སྙན་སྒྲོན་གནང་བ། ཐུབ་དགའ་ཡིས་གཙོ་སྐྱོང་ཞུས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་12པའི་ཚེས27ཉིན་གྱི་སྔ་དྲོར། སྲིད་གྲོས་སྐབས་གཉིས་པའི་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་གཟབ་རྒྱས་ངང་འགོ་ཚུགས་པ་རེད། ཚོགས་འདུའི་རིང་གྲོང་ཁྱེར་ཡོངས་ཀྱི་འཐབ་ཕྱོགས་ཁག་ནས་ཡོང་བའི་སྲིད་གྲོས་ཨུ་ཡོན་ཚོས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཕྲག་ཏུ་འཁུར་ཏེ་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ཏན་ཏིག་སྒྲུབ་ནས་ཆབ་མདོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་འཆར་འགོད་རྩོམ་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པར་སྲིད་ཞུགས་སྲིད་གླེང་བྱ་རྒྱུ་ཡིན་པ་རེད།

ཀྲོང་ཅིན་སུང་དང་། ལའོ་ཆིན་འུའུ། ཝང་ཡ་ཏུང་། ཝེ་ཤིན་ཀུའུ། ལིས་གོ་ཅན། ཆི་དབྱིན་ཧའེ། ཝུའུ་དབྱིན་ཧའེ། ཝང་ཧྲི་ཡུས། ཏེང་ཝུན་ཁྲང་བཅས་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད་པ་རེད།

གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཐུབ་དགའ་ཡིས་ཚོགས་འདུ་གཙོ་སྐྱོང་ཞུས་ཡོད།

རྡོ་རྗེ་དགྲ་འདུལ་དང་། ཧུའུ་ཏེང་ཧྥུའུ། འཕྲིན་ལས། ཀྲང་ཧུང་ཅུན། སྟོབས་རྒྱལ། ཝུའེ་ཝན་ནེན། ཀྲང་ཝན་ལི་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།

ཚོགས་འདུར་ཞུགས་དགོས་ངེས་ཀྱི་ཨུ་ཡོན226ཡོད་པ་དང་དངོས་སུ་ཨུ་ཡོན192སླེབས་ཡོད་པས་སྲིད་གྲོས་ཀྱི《སྒྲིག་ཡིག》གཏན་འབེབས་དང་མཐུན་ཡོད།

ཆུ་ཚོད་9དང་སྐར་མ་30ཡི་ཐོག ཚོགས་ཆེན་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་འགོ་ཚུགས་པ་རེད།

ཐེངས་འདིའི་ཚོགས་འདུའི་ལས་འགན་གཙོ་བོ་ནི་སྲིད་གྲོས་སྐབས་གཉིས་པའི་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་རིམ(འཆར་ཟིན)ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་གནང་རྒྱུ་དང་། སྲིད་གྲོས་སྐབས་གཉིས་པའི་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གསན་བཞེས་གནང་རྒྱུ། སྲིད་གྲོས་སྐབས་གཉིས་པའི་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན་གྲོས་གཞིའི་ལས་དོན་སྤེལ་ཚུལ་སྐོར་གྱི་སྲིད་གྲོས་སྐབས་གཉིས་པའི་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་ལ་གསན་བཞེས་གནང་རྒྱུ་བཅས་རེད།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཀྲུའུ་ཞི་རྡོ་རྗེ་དགྲ་འདུལ་གྱིས་སྲིད་གྲོས་སྐབས་གཉིས་པའི་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་ལས་དོན་སྙན་སྒྲོན་གནང་བ་རེད།

སྙན་སྒྲོན་ནང་2024ལོ་ནི་ཀྲུང་གོ་གསར་པ་དང་མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་དང་། བོད་ལྗོངས་སྲིད་གྲོས་དང་ཆབ་མདོ་སྲིད་གྲོས་བཙུགས་ནས་ལོ་65འཁོར་བའི་ལོ་ཞིག་ཡིན་ལ“ལོ་ལྔ་ཚན་བཅུ་བཞིའི”འཆར་འགོད་ལག་བསྟར་གཏིང་ཟབ་བྱེད་པའི་འགག་སྒྲོལ་ལོ་ཞིག་ཀྱང་ཡིན། ལོ་གཅིག་གི་རིང་ལ། གྲོང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་འོག་གྲོང་ཁྱེར་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་དང་། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་དང་། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན། གྲོང་ཨུད་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ།“དོན་ཆེན་བཞིར”དམིགས་པ་དང་།“འཛུགས་གཏོད་བཞིར”དམ་པོར་དམིགས་ཏེ་རང་འགན་གཙང་སྒྲུབ་ཀྱིས“བློ་དཀར་དང་། བྱས་རྗེས། ཞི་མཐུན། གསོན་ཤུགས”བཅས་བཞི་ལྡན་གྱི་སྲིད་གྲོས་འཛུགས་སྐྱོང་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། སྙན་སྒྲོན་ནང་འདས་ཟིན་པའི་ལོ་གཅིག་རིང་གྲོང་ཁྱེར་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཐོབ་པའི་གྲུབ་འབྲས་དེ་དག་གི་རྩ་བ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་དང་། ཀྲུང་གུང་ཆབ་མདོ་གྲོང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཐུགས་ཁུར་མཛུབ་ཁྲིད། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་ཐད་གཏོགས་སྡེ་ཚན་དང་ཚན་པ་ཁག་བཅས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་དང་མཐུན་སྦྱོར་གཞོགས་འདེགས་བྱས་པའི་ཕན་པ་ལས་བྱུང་བ་བཅས་ཡིན་ལ། སྲིད་གྲོས་ནང་ཞུགས་མཁན་ཚན་པ་ཁག་དང་། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་ཐུན་མོང་ཐོག་འབད་འཐབ་བྱས་པའི་རྔུལ་ཆུ་ལས་གྲུབ་པ་ཞིག་ཀྱང་ཡིན།

སྙན་སྒྲོན་ནང་2025ལོ་ནི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་གལ་ཆེའི་ལོ་ཞིག་དང་།“ལོ་ལྔ་ཚན་བཅུ་བཞིའི”འཆར་འགོད་ལག་བསྟར་བྱེད་པའི་མཇུག་བསྡུའི་ལོ་ཞིག བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཆེ་མོའི་ལོ་ཞིག ཆབ་མདོ་ལྟེ་བའི་ཡན་ལག་གྲོང་ཁྱེར་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་འགག་རྩའི་ལོ་ཞིག་བཅས་རེད། མཇུག་བསྡུའི་ལོ་ལ་མཇུག་བསྡུ་བའི་རྣམ་པ་ཡོད་དགོས་པ་དང་། གལ་ཆེའི་ལོ་ལ་བྱས་རྗེས་གལ་ཆེན་འཇོག་དགོས། གྲོང་ཁྱེར་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྤྱིའི་བསམ་ཕྱོགས་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བཟུང་རྒྱུར་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་སློབ་སྦྱོང་གཏིང་ཟབ་དང་གོ་བ་ཞིབ་མོ། ལག་ལེན་མཐར་ཕྱིན་བྱེད་པ། ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་དང་དེ་བཞིན་གྲོང་ཨུད་ཀྱི་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པ་དང་གྲོང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་བཅས་ལག་ལེན་མཐར་ཕྱིན་པར་བྱས་ཏེ། གྲོང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་འོག“དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་རྒྱག་པ།“དམར་མདངས་ཆབ་མདོ”སྣེ་ཁྲིད་དུ་བྱས་ཏེ“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་ཞིག་བསྐྲུན་རྒྱུའི”དམིགས་ཚད་ལ་གཞི་ཚུགས་ཏེ་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་ནས་ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་འགྱུར།གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་ཆེད་རྣམ་པ་གསར་པ་མངོན་པ་དང་རིམ་པ་དེ་བས་མཐོ་བ་ཞིག་ཏུ་སླེབས་རྒྱུར་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པ་བཅས་ཡིན། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཏན་ཧྥུའུ་ཡིས་སྲིད་གྲོས་སྐབས་གཉིས་པའི་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་སྲིད་གྲོས་སྐབས་གཉིས་པའི་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་སྒྲོན་གནང་བ་རེད།

སྙན་སྒྲོན་ནང་ཁྱོན་གྲོས་གཞི་183འབྱོར་ཞིང་ཞིབ་བཤེར་བྱས་པ་བརྒྱུད་གྲོས་གཞི་180གྲོས་ཁོངས་སུ་བཅུག་པ་དང་གྲོས་གཞིའི་བསྡོམས་འབོར་གྱི་98.4%ཟིན་ཡོད། ཟླ་10པའི་ཟླ་མཇུག་བར་གྲོས་ཁོངས་སུ་བཅུག་པའི་གྲོས་གཞི180སྒྲུབ་གཉེར་ཟིན་ནས“བློ་ལ་འབབ་ཚད” 98.3%དང་“བློ་ལ་ཅུང་འབབ་ཚད”1.7%ཟིན་ཡོད།

ཀྲུའུ་ཞི་སྡིངས་ཆའི་ཐོག་བློ་བཟང་ཡེ་ཤེས་དང་། ཀྲང་ཝུན་ཧྲན། བསོད་ནམས་དར་རྒྱས། ཡེ་ཤེས་ཆོས་འཕེལ། ཕུའུ་ཡུས་ཧུའེ། ཉི་མ་ཚེ་རིང་། ཝུའུ་ཅན། ཤའེ་ཝུན་ཀོང་། ཐོགས་མེད་ཤེས་རབ། ཡང་ཧན། ཡང་དབྱིན། ཅང་ཅན་ཕིང་། བློ་བཟང་ཆོས་ལྡན་སོགས་བཞུགས་ཡོད།

ཐེངས་འདིའི་གྲོས་ཚོགས་སུ་གདན་ཞུས་ལྟར་ཟུར་ཞུགས་བྱེད་མཁན་ཆབ་མདོར་ཡོད་པའི་རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན་དང་། གྲོང་ཁྱེར ﹙ཀྲུང་དབྱང་། ལྗོངས﹚ཐད་གཏོགས་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ། དེ་བཞིན་རྫོང

﹙ཆུས﹚ཁག་གི་སྲིད་གྲོས་ཀྱི་ཀྲུའུ་ཞི། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། གྲོང་ཁྱེར་སྲིད་གྲོས་ཀྱི་རྫོང་དང་ཁྲུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་བཅས་ཞུགས་ཡོད། (དཔལ་ཐར་རྒྱལ་གྱིས་བསྒྱུར)