国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年12月28日

ཀྲོང་ཅིན་སུང་གིས་གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ12པའི་ཚེས26ཉིན་གྱི་སྔ་དྲོར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་དང་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་རེད། ཁོང་གིས་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། འགན་འཁྲི་འཁུར་ཕོད་པ་བཅས་བྱས་ཏེ། དུས་རབས་གསར་པའི་ཏང་གིས་དྲག་ཆས་ལ་དོ་དམ་དང་། རྒྱལ་སྲུང་སྐུལ་སློང་། རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་ཐོབ་པའི་འཕེལ་རྒྱས་གསར་པ་སྐུལ་སྤེལ་གཏོང་བར་ཤུགས་བརྒྱབ་ནས“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་པའི་དཔེ་སྟོན་གྲོང་ཁྱེར་ཞིག་འཛུགས་སྐྲུན”བྱེད་པའི་ལས་དོན་གྱི་དམིགས་ཚད་མངོན་འགྱུར་ཡོང་བར་འགན་སྲུང་ནུས་ལྡན་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་ཡོད།

ལའོ་ཆིན་འུའུ་དང་། ཝང་ཡ་ཏུང་། ཝེ་ཤིན་ཀུའེ། ལིས་གོ་ཅན། ཆིས་ཡན་ཧའེ་བཅས་སློབ་སྦྱོང་ཚོགས་འདུ་ཞུགས་ཡོད། ཆབ་མདོའི་ཡན་ལག་དམག་ཁུལ་ཁང་དང་དྲག་ཆས་ཉེན་རྟོག་ཆབ་མདོའི་ཡན་ལག་རུ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་ཟུར་ཞུགས་བྱས་ཡོད།

ཚོགས་འདུའི་ཐོག་《བདེན་འཚོལ》དུས་དེབ་ཐོག་བཀོད་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཏང་གི་ལོ་རྒྱུས་དང་དམག་གི་ལོ་རྒྱུས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་སྐོར་གྱི་སློབ་གསོ་རྒྱག་ཤུགས་ཆེ་རུ་བཏང་ནས་དཔོན་དམག་གིས་དུས་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་བར་འགན་ལེན་ཏན་ཏིག་བྱེད་དགོས།》ཞེས་པའི་དགོངས་དོན་དང་། སྐབས་བཅུ་དགུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཚོགས་འདུ་ཐེངས་སུམ་ཅུ་སོ་གཉིས་པ། སྐབས་ཉི་ཤུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཚོགས་འདུ་ཐེངས་བདུན་པ་དང་མཉམ་སྡེབ་སློབ་སྦྱོང་ཚོགས་འདུ་ཐེངས་སུམ་ཅུ་སོ་དྲུག་པའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།《ཏང་གིས་དྲག་ཆས་ལ་དོ་དམ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དུས་རབས་གསར་པའི་མི་དམངས་དྲག་ཆས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཡོད།

ཀྲོང་ཅིན་སུང་གིས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པའི་ནང་དོན་ཟབ་མོ་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། “ཁྱོན་ཡོངས་གཉིས”སྤྱི་འདོམས་བྱེད་པའི་ཁྲོད་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་དང་དམག་དཔུང་དར་རྒྱས་གཏོང་བའི་ཐབས་ཇུས་ཁོང་དུ་ཆུད་པར་བྱས་ཏེ་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པའི་སྲོག་ཤིང་གི་དོན་སྙིང་དང་དེར་འདུས་པའི་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་ཀྱི་དམག་འཁྲུག་ལྟ་བ་དང་བརྟག་ཐབས་སྨྲ་བ་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་། བདེ་དུས་ཉེན་ཟོན་དང་འགན་འཁྲི་འཁུར་ཕོད་བྱས་ནས་རྒྱལ་གཅེས་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པའི་རྨང་གཞི་བརྟན་པོར་འཛུགས་པ་དང་། རྒྱལ་སྲུང་སྐུལ་སློང་དམག་འཐབ་གྲ་སྒྲིག་གི་འདུ་ཤེས་མཐོ་རུ་གཏོང་བ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་པའི་དཔེ་སྟོན་གྲོང་ཁྱེར་ཞིག་བསྐྲུན་ཆེད་ལེགས་སྐྱེས་འབུལ་དགོས་ཅེས་བསྟན།

(དཔལ་ཐར་རྒྱལ་གྱིས་བསྒྱུར)