འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ12པའི་ཚེས12ཉིན་ཆབ་མདོའི་ཕྱོགས་བསྡུས་འཕྲིན་ལམ་སྲུང་སྐར་ལམ་ནས་ཆབ་མདོའི་ས་ཁོངས་ཡོངས་ལ་གཏོང་འགོ་ཚུགས་པའི་མཛད་སྒོ་དེ་ཁ་རུབ་ཆུས་ཁ་རུབ་གྲོང་རྡལ་པེ་ཅིང་གྲོང་གསར་དུ་འཚོགས་པ་རེད། དེ་རིང་ནས་བཟུང་ཆབ་མདོའི་ཕྱོགས་བསྡུས་འཕྲིན་ལམ་གྱི་བརྡ་རྟགས་དེ་ཐད་གཏོང་སྲུང་སྐར་བརྒྱུད་ནས་ཆབ་མདོའི་ས་ཁོངས་ཡོངས་ལ་ཁྱབ་རྒྱུ་རེད།
གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཀྲང་དངོས་གྲུབ་ཟླ་བ་དང་ཧྲེ་ཀྲང་གཞོན་པ་སྒྲོལ་དཀར་རྣམ་གཉིས་ཀྱིས་མཉམ་དུ་བརྙན་ཡོལ་ཕྱེ་ནས་གཏོང་འགོ་ཚུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་རང་རེའི་གྲོང་ཁྱེར་གྱི་རླུང་འཕྲིན་བརྙན་འཕྲིན“དུད་ཚང་ཀུན་ཁྱབ་སྒྲིག་ཆས”སོགས་དམངས་ཕན་ལས་གཞི་ཡིས་གྲོང་ཁྱེར་ཡོངས་ཀྱི་རླུང་འཕྲིན་བརྙན་འཕྲིན་གྱི་ཕྱོགས་བསྡུས་མི་འབོར་ཁྱབ་ཚད99.5%དང་99.65%སོ་སོར་ཟིན་ཐུབ་པ་བྱས་པ་དང་། གྲོང་ཁྱེར་རིམ་པའི་བརྙན་འཕྲིན་ལས་ཁུངས་ཀྱི་འཕྲིན་ལམ་ཚང་མ་རབ་གསལ་ཅན་དུ་གྱུར་བ། རྫོང་རིམ་པའི་བརྙན་འཕྲིན་ལས་ཁུངས་ཀྱི་འཕྲིན་ལམ་ཆེས་རབ་གསལ་ཅན་དུ་གཏོང་བའི་མྱུར་ཚད་མགྱོགས་སུ་ཕྱིན་པ། ཐད་གཏོང་སྲུང་སྐར“དུད་ཚང་ཀུན་ཁྱབ”ཀྱི་རབ་གསལ་མཐའ་སྣེ་སྒྲིག་ཆས་ཆ་ཚང་ཁྲི5ཙམ་ཉོས་པ། ཆབ་མདོ་སྲུང་སྐར་ཐད་གཏོང་རིམ་རྩིས་བྱས་ན་སྤྱོད་མཁན་དུད་ཚང་ཁྲི14ཟིན་པ་དེའི་ནང་རབ་གསལ་སྤྱོད་དུད་ཁྲི5ཙམ་ཟིན་ཡོད་པ་རེད། གོམ་སྟབས་རྗེས་མར་རང་རེའི་གྲོང་ཁྱེར་གྱིས་མུ་མཐུད་གསར་གཏོད་ཀྱི་འདུ་ཤེས་རྒྱུན་འཛིན་བྱས་ནས་རིག་གནས་དང་ཚན་རྩལ་མཉམ་འདྲེས་ཀྱི་ཐབས་ལམ་གསར་པ་བཏོད་དེ་གྲོང་མིར་དེ་བས་སྤུས་ལེགས་ཀྱི་རླུང་འཕྲིན་བརྙན་འཕྲིན་གྱི་སྤྱི་པའི་ཞབས་ཞུ་མུ་མཐུད་བསྒྲུབས་ནས་རིག་གནས་སྟོབས་ཆེའི་ས་ཁུལ་དང་། གྲངས་གཞིའི་བོད་ལྗོངས། དྲ་རྒྱ་སྟོབས་ཆེའི་ས་ཁུལ་བཅས་བསྐྲུན་རྒྱུར་རམ་འདེགས་བྱ་རྒྱུ་རེད།