国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年12月17日

ཀྲང་ཧུང་པོ་ཡིས་ཆབ་མདོ་གྲོང་ཁྱེར་དུ་ལས་དོན་ལ་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི། ཐིང་ཀྲང་བཅས་ཡིན་པའི་ཀྲང་ཧུང་པོ་ཡིས་སྣེ་ཁྲིད་པའི་བརྟག་ཞིབ་ཚོགས་ཆུང་གིས་སྔ་རྗེས་སུ་གཡུ་ལུང་ཟངས་གཏེར་དང་། འཇོ་མདའ་རྫོང་ཆུ་གཉིས་མདོ་ཤང་སྦྲ་ནག་གྲོང་ཚོ། འཇོ་མདའ་རྫོང་སྐམ་ཐོག་གྲོང་ཚོ། སྐམ་ཐོག་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས། ཝ་ར་དགོན། ཐང་ཕུ་ཤང་སློབ་ཆུང་། འཇོ་མདའ་རྫོང་ཡིག་སྐུར་ངོ་བཅར་ཅུས། སྤྱི་བདེ་ཅུས་དེ་བཞིན་སྤྱི་པའི་ཁྲིམས་ལུགས་ཞབས་ཞུའི་ལྟེ་གནས་བཅས་སུ་ཕེབས་ཏེ་གཞུང་དབང་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་དང་། ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན། དགོན་སྡེའི་བརྟན་ལྷིང་སྲུང་སྐྱོབ་ལས་དོན། ཡིག་སྐུར་ངོ་བཅར་ལས་དོན། སྤྱི་བདེའི་ལས་དོན་བཅས་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ་མ་ཟད། རིམ་པ་དང་པོའི་ཞིབ་བཤེར་ས་ཚིགས་ཀྱི་སྤྱི་བདེ་ལས་བྱེད་པ་དང་ཉེན་རྟོག་པར་གཟིགས་པ་དང་འཚམས་འདྲི་བྱས་ཡོད།

གཡུ་ལུང་ཟངས་གཏེར་དུ་ཀྲང་ཧུང་པོ་ཡིས་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་གཉེར་སྐྱོང་བྱས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁེ་ལས་ཀྱི་འཕེལ་རྒྱས་དང་ཞིང་འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་འཕར་བར་རོགས་རམ་བྱས་ཚུལ་ལ་ཁས་ལེན་གང་ལེགས་བྱས་པ་དང་། ཁེ་ལས་ཀྱིས་མི་རིགས་མཐུན་སྒྲིལ་འཛུགས་གཏོད་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། མི་རིགས་བར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་སྐུལ་ལྕག་བཏང་ཡོད།

འཇོ་མདའ་རྫོང་ཆུ་གཉིས་མདོ་ཤང་སྦྲ་ནག་གྲོང་ཚོ་རུ། ཀྲང་ཧུང་པོ་ཡིས་ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་བྱས་ཚུལ་ལ་ས་གནས་ས་ཐོག་ཏུ་གཟིགས་ཞིབ་གནང་ཞིང་། ཁོང་གིས་ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་བྱ་རྒྱུ་ནི་ཞིང་འབྲོག་ཁུལ་གྱི་ཕུགས་ཡུན་གྱི་འཕེལ་རྒྱས་དང་ཞིང་འབྲོག་པའི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་འདུ་འགོད་གལ་ཆེན་ཞིག་ཡིན་པས་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་པ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བ་བྱས་ནས་ཞིང་ལས་སྟོབས་ཆེན་དང་། གྲོང་གསེབ་མཛེས་པ། ཞིང་པ་ཕྱུག་པོ་བཅས་ཕྱོགས་ཡོངས་ནས་མངོན་འགྱུར་ཡོང་བར་བྱེད་དགོས་ཅེས་བསྟན།

སྐམ་ཐོག་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་དང་ཝ་ར་དགོན་དུ། ཀྲང་ཧུང་པོ་ཡིས་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱི་ལས་དོན་གནས་ཚུལ་དང་དགོན་སྡེའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྤེལ་ཚུལ་ལ་ཞིབ་བཤེར་མཛུབ་ཁྲིད་བྱས་པ་དང་། ཁོང་གིས་སྤྱི་བདེའི་ལས་བྱེད་ཉེན་རྟོག་པས་དཀའ་སྤྱད་འབད་བརྩོན་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་དང་བླ་ན་མེད་པའི་གུས་འདུད་ཞུས་པ་དང་། རྒྱ་ཆེའི་སྤྱི་བདེའི་ལས་བྱེད་ཉེན་རྟོག་པས་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་མུ་མཐུད་དར་སྤེལ་བཏང་སྟེ་ལྷག་བསམ་རྣམ་དག་གིས་རང་འགན་གཙང་སྒྲུབ་དང་། ཐོག་མཐའ་བར་གསུམ་དུ་ཚད་མཐོའི་དོགས་ཟོན་རྒྱུན་འཁྱོངས། ལས་རེས་ལས་སྒྲུབ་དང་འཕྲལ་སྡོམ་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།

ཐང་ཕུ་ཤང་སློབ་ཆུང་། འཇོ་མདའ་རྫོང་ཡིག་སྐུར་ངོ་བཅར་ཅུས། སྤྱི་བདེ་ཅུས་དེ་བཞིན་སྤྱི་པའི་ཁྲིམས་ལུགས་ཞབས་ཞུའི་ལྟེ་གནས་བཅས་སུ་བརྟག་ཞིབ་ཚོགས་ཆུང་དང་བཅས་པས་སློབ་གྲྭའི་སློབ་གསོ་སློབ་ཁྲིད་དང་། ཡིག་བསྐུར་ངོ་བཅར་གྱོད་གཞི་སྒྲུབ་གཉེར། སྤྱི་བདེ་མངགས་གཏོང་ཁང་འཛུགས་སྐྲུན་དེ་བཞིན་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་སོགས་ཀྱི་ལས་ཀའི་གནས་ཚུལ་ལ་ཤེས་རྟོགས་བྱས་པ་རེད།