སྲིད་གྲོས་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་ལ།
ཆབ་མདོ་སྲིད་གྲོས་བཙུགས་ནས་ལོ་65འཁོར་བའི་སྐབས་འདིར། སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་ཆབ་མདོའི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུ་རྒྱུ་དང་། མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ཆབ་མདོ་གྲོང་ཨུད་དང་། དམངས་འཐུས། སྲིད་གཞུང་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣར་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་དངོས་སྒྲུབ་ཡར་བརྩོན་གྱི་ཆབ་མདོ་གྲོང་ཁྱེར་གྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན། སྲིད་གྲོས་ལས་དོན་པ་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན།
ལོ65ཡི་གོང་། བོད་ཀྱི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་གཏོང་བར་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་དང་། དམངས་གཙོའི་བཅོས་སྒྱུར་ཕྱོགས་ཡོངས་ནས་སྤེལ་བ། མི་རིགས་ཁག་གི་མི་དམངས་ཀྱིས་ཡར་ལངས་བཅིངས་འགྲོལ་གྱི་འགག་རྩར་ཐུག་པའི་དུས་སྐབས་བསུས་པ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཆབ་མདོ་སྲིད་གྲོས་གསར་གཏོད་བྱེད་མཁན་ཚོས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས། སྲིད་གྲོས་ཆབ་མདོ་ཀྲོན་ཆུས་ཀྱི་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོ་འཆར་འགོད་ཞིབ་ཚགས་ཀྱིས་སྐོང་ཚོགས་བྱས་ཏེ། བོད་རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་རྩ་འཛུགས་ཐོག་མ་དེ་དབུ་བརྙེས་པ་རེད།
ལོ་65རིང་། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད། ཆབ་མདོའི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་ཐུན་མོང་འབད་བརྩོན་འོག བོད་ཤར་གྱི་ས་གཞི་ཆེ་མོར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། ད་ཆའི་ཆབ་མདོ་ནི་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བ་དང་། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་འཕེལ་རྒྱས་སོང་བ། དམངས་གཙོའི་ཁྲིམས་སྐྱོང་རྒྱུན་ཆད་མེད་པར་སྐུལ་འདེད་ཕྱིན་པ། འཐབ་ཕྱོགས་གཅིག་གྱུར་འཕེལ་རྒྱས་སྟོབས་ཆེ་བྱུང་བ། རིག་གནས་དྲིལ་བསྒྲགས་ལ་ཕན་འབྲས་ཐོན་པ། སྣོད་བཅུད་ཁོར་ཡུག་བཟང་པོ་རྒྱུན་འཁྱོངས་ཐུབ་པ། སྤྱི་ཚོགས་ཀྱི་བྱ་གཞག་ཁྱོན་ཡོངས་ནས་ཡར་རྒྱས་ཕྱིན་པ། མི་རིགས་མཐུན་སྒྲིལ་རྒྱུན་མཐུད་གཏིང་ཟབ་ཏུ་ཕྱིན་པ། བོད་སྐྱོར་ལས་དོན་སྤེལ་ཤུགས་ཆེ་རུ་ཕྱིན་པ། མི་རིགས་ཁག་གི་མང་ཚོགས་ཀྱི་འཕེལ་རྒྱས་ཞུགས་ཚད་དང་ཐོབ་ཚོར་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་བཅས་ལས་ཆབ་མདོའི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་སྒྱུར་འཕེལ་བརྟན་གསུམ་གྱི་ནང་ཞུགས་པར་དཀའ་ཚེགས་ཆེན་པོ་དང་ལེགས་སྐྱེས་ཆེན་པོ་ཕུལ་བ་བཅས་འདུས་ཡོད། དེའི་ཐོག་ནས་མི་དམངས་སྲིད་གྲོས་ཀྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་དེའི་ཁྱད་འཕགས་རང་བཞིན་ཧ་ཅང་ཆེན་པོ་དང་གསོན་ཤུགས་ཆེན་པོ་མངོན་ཡོད།
ད་ལོ་ནི་མི་དམངས་སྲིད་གྲོས་བཙུགས་ནས་ལོ་75འཁོར་བའི་ལོ་ཞིག་ཡིན་ལ། ཆབ་མདོའི་སྲིད་གྲོས་བཙུགས་ནས་ལོ65འཁོར་བའི་ལོ་ཡིན། ཆབ་མདོའི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དེ་མིན་ཆབ་མདོ་གྲོང་ཨུད་དང་རིམ་ཁག་ཏང་རྩ་འཛུགས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་བཅས་ཀྱི་འོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ། བོད་ཀྱི་ལས་དོན་སྐོར་གྱི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུ་དང་བོད་ལྗོངས་སྲིད་གྲོས་བཙུགས་ནས་ལོ་65འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བཅས་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་དང་ཧྲུའུ་ཅི་ཝང་ཅོན་ཀྲེང་གི་གསུང་བཤད་བླང་བྱ་ལྟར། མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་དང་། མི་དམངས་སྲིད་གྲོས་ཀྱིས་བསགས་པའི་རྩ་ཆེའི་ཉམས་མྱོང་། གྲོས་མོལ་དམངས་གཙོ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་བཀོད་སྒྲིག མི་དམངས་སྲིད་གྲོས་ལས་དོན་གྱི་འགན་འཁྲི་དང་ལས་འགན་བཅས་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བར་རང་འགན་གཙང་སྒྲུབ་བྱེད་པ། “དོན་ཆེན་བཞི”དོན་འཁྱོལ་དང“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བའི་ཁྲོད་བྱས་རྗེས་འཇོག་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་ཐད་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ཐད་བྱས་རྗེས་ཧུར་ཐག་འཇོག་པ། ཆེད་དོན་གྲོས་མོལ་སྒྲིག་གཞི་ཡིན་པའི་སྲིད་གྲོས་ཀྱི་ནུས་པ་གང་ལེགས་འདོན་པ་བཅས་བྱས་ཏེ། ཆབ་མདོ་སྲིད་གྲོས་བཙུགས་ནས་ལོ་65འཁོར་བ་འགོ་ཚུགས་ས་གསར་པ་བཟུང་ནས་ཆབ་མདོའི་སྲིད་གྲོས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་བོད་ཀྱི་ལེའུ་རྩོམ་ཆེད་འབད་འབུངས་ཧུར་ཐག་བྱ་རྒྱུའི་རེ་བ་ཡོད།
ཚོགས་ཆེན་རྒྱལ་ཁའི་ངང་འཚོགས་ཐུབ་པའི་སྨོན་འདུན་ཞུ།
ཆབ་མདོ་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ།
ཆབ་མདོའི་མི་རིགས་ཁག་གི་མི་དམངས་རྣམས་བདེ་སྐྱིད་ཁམས་བཟང་ཡོང་བའི་སྨོན་འདུན་ཞུ།