འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་11པའི་ཚེས་30ཉིན། གྲོང་ཁྱེར་སྲིད་གྲོས་ཨུ་ཡོན་གྱིས་གསར་བརྗེའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་དང་གྲོང་གསེབ་དར་རྒྱས་ཁང་དུ་གཟིགས་སྐོར་བྱས་པ་རེད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དྲུང་ཆེ་གཞོན་པ་ཞེ་ཧུའེ་ཁྲང་དང་། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་དགྲ་འདུལ། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཏེང་ཧྥུའུ་དང་། ཐུབ་དགའ། འཕྲིན་ལས། ཀྲང་ཧུང་ཅུན། སྟོབས་རྒྱལ། ཀྲང་དབན་ལི་བཅས་ལྷན་དུ་གཟིགས་སྐོར་བྱས་ཡོད། ཆབ་མདོ་གྲོང་ཨུད་སྲིད་གྲོས་ལས་དོན་ཚོགས་འདུ་དང་ཆབ་མདོའི་སྲིད་གྲོས་བཙུགས་ནས་ལོ་65འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འཚོགས་རྗེས། སྲིད་གྲོས་ཀྱི་ཨུ་ཡོན་ཚོ་སྔ་རྗེས་སུ་གསར་བརྗེའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་དུ་ཕེབས་ཏེ་ཆབ་མདོ་ས་ཁུལ་བཅིངས་འགྲོལ་ཨུ་ལྷན་གྱི་གནས་རྙིང་དང་། དམག་དཔོན་ཐོག་ཁང་། ཚོགས་ཁང་ཆུང་ངུ་སོགས་ལ་ལྟ་སྐོར་བྱས་ཏེ་ལོ་རྒྱུས་ཀྱི་གཏམ་རྒྱུད་རེ་རེར་ནན་ཏན་ངང་གསན་པ་དང་། ཟིན་ཐོའི་འགྲེམས་པང་རེ་རེར་གཟབ་ནན་གྱིས་གཟིགས་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོའི་དཔའ་ངར་ཞུམ་མེད་ཀྱི་བྱས་རྗེས་དང་གསར་བརྗེའི་སྔོན་གཤེགས་དཔའ་བོ་རྣམས་དཀའ་ཚེགས་ཆེན་པོའི་ཁྲོད་མི་རིགས་བཅིངས་འགྲོལ་དང་རྒྱལ་ཁབ་སྟོབས་འབྱོར་ཡོང་ཆེད་རང་སྲོག་བློས་བཏང་བའི་བླ་ན་མེད་པའི་སྙིང་སྟོབས་མྱོང་ཚོར་ཐུབ་པ་བྱས་པ་རེད། དེའི་རྗེས་སུ་ཀྲང་ཧུང་ཅུན་གྱིས་རུ་སྣེ་ཁྲིད་དེ་གྲོང་གསེབ་དར་རྒྱས་ཁང་དུ་གཟིགས་སྐོར་བྱས་ཡོད་པ་རེད།