འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གོ་འཇོ་རྫོང་དུ་རྟོག་ཞིབ་གནང་བ་དང་། འཐབ་ས་དང་པོའི་ལས་བྱེད་མང་ཚོགས་ལ་གཟིགས་པ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་བྱས་ཏེ་སྤྱི་ཚོགས་བརྟན་ལྷིང་དང་། གཙོ་གནད་ལས་དོན། གཞི་རིམ་བཅོས་སྐྱོང་བྱས་ཚུལ་སོགས་ལ་རྟོག་ཞིབ་གནང་ཞིང་། ཁོང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་ཚད་གཞི་ཡང་ཡང་བསྡུར་བ།“དོན་ཆེན་བཞི”དོན་འཁྱོལ་ལ་དམ་འཛིན་ལྷོད་མེད་བྱེད་པ། “འཛུགས་གཏོད་བཞི་དང་མདུན་གྲལ་དུ་སླེབས་པ་བཞིར”ཤུགས་སྣོན་རྒྱག་པ། རྨང་གཞིའི་ལས་དོན་ཇེ་བརྟན་དུ་གཏོང་བ། དམངས་འཚོའི་དོན་དངོས་ལེགས་པོར་སྒྲུབ་པ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་སྣང་། བདེ་ཚོར་བཅས་ཟམ་མི་ཆད་པར་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་གནང་ཡོད།
ཀྲོང་ཅིན་སུང་འབུམ་སྐྱེས་ཤང་འབུམ་སྐྱེས་གྲོང་ཚོའི་གྲོང་མི་དཔལ་ལྡན་གྱི་ཁྱིམ་དུ་ཕེབས་ཏེ་ཁྱིམ་གྱི་ངལ་རྩོལ་ནུས་ཤུགས་དང་། སྒོ་ཕྱུགས། ཐོན་སྐྱེད་རྒྱུ་ཆ་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ཐོན་སྐྱེད་འཚོ་བའི་ཁྲོད་ཀྱི་དཀའ་ངལ་དང་གནད་དོན་ལ་ནན་ཏན་ངང་གསན་ཡོད། ཁོང་གིས་དཔལ་ལྡན་ལ་ཏང་གི་སྲིད་ཇུས་བཟང་པོར་བརྟེན་ནས་རང་གི་དཀའ་སྤྱད་ལག་ཟུང་གིས་མང་ཚོགས་དེ་བས་མང་བ་ཕྱུག་འགྱུར་ཡོང་བར་བྱས་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་དགོས་པའི་སྐུལ་ལྕག་གནང་ཡོད།
“ད་ལོའི་ཡོང་འབབ་ག་ཚོད་ཡོད། ཁྱིམ་ལ་དཀའ་ངལ་གཞན་ཡོད་དམ།”ཀྲོང་ཅིན་སུང་གིས་ཞིང་འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་གནས་ཚུལ་ལ་ཧ་ཅང་ཐུགས་ཁུར་ཆེན་པོ་གནང་གིན་ཡོད། གླང་གཉའ་སྨད་པ་གྲོང་ཚོའི་ཨ་རིན་ཁྱིམ་དུ་ཀྲོང་ཅིན་སུང་གིས་ཁྱིམ་གྱི་ཡོང་འབབ་ལ་རྒྱུས་ལོན་བྱས་ཡོད།
ངེད་གྲོང་ཁྱེར་གྱིས“གསར་བརྗེའི་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་དམངས་ཡོངས་ཀྱི་བྱེད་སྒོ་སྤེལ་རྒྱུ་ལས་སྟེགས་སུ་བྱས་ཏེ་མང་ཚོགས་རྣམས་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ནང་གང་དྲག་ཞུགས་རྒྱུར་སྐུལ་སློང་བྱེད་པ་དང་། བྱེད་སྒོར་གཞི་རིམ་མང་ཚོགས་ཀྱི་དོ་ཁུར་དང་རྒྱབ་སྐྱོར་རྒྱ་ཁྱབ་ཐོབ་མིན་ཐད་ཀྲོང་ཅིན་སུང་གིས་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་གི་ཡོད། ཁེ་རེ་ཤང་ཁེ་རེ་གྲོང་ཚོའི་གྲོང་མི་ཚེ་ཆུང་དང་ཞི་གཞིས་གྲོང་ཚོའི་གྲོང་མི་རྡོ་རྗེ་མཁའ་འགྲོ་ཡི་ཁྱིམ་དུ། ཀྲོང་ཅིན་སུང་གིས་ཁོང་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་བྱས་ཏེ་ཚང་མའི་དགའ་ཕྱོགས་དང་ཁྱད་ཆོས་སོགས་ཤེས་རྟོགས་ཞིབ་ཕྲ་བྱས་པ་མ་ཟད། ཁོང་ཚོར་རང་ཉིད་ཀྱི་ཁྱད་ཆོས་བཏོན་ནས་གྲོང་ཚོ་དང་ཤང་གི་རྩལ་ནུས་དཔྱད་བསྡུར་དང་གསོ་སྦྱོང་ནང་ཞུགས་འདོད་ཡོད་མེད་བཀའ་འདྲི་གནང་ཡོད།
འབུམ་སྐྱེས་ཤང་དང་ཁེ་རེ་ཤང་སྲིད་གཞུང་དུ་ཀྲོང་ཅིན་སུང་གིས་གཞི་རིམ་གྱི་ལས་བྱེད་མང་ཚོགས་དང་བཞུགས་མོལ་གནང་སྟེ་གཙོ་གནད་ལས་དོན་ཁག་གཞི་རིམ་དུ་དོན་འཁྱོལ་བྱས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཤང་དང་གྲོང་རྡལ་གྱི་ལས་བྱེད་པ་ནི་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་གཞི་རིམ་དུ་དྲིལ་བསྒྲགས་བྱེད་མཁན་དང་། དོན་འཁྱོལ་གནང་མཁན། ལག་ལེན་བསྟར་མཁན། གཞི་རིམ་གྱི“མཐའ་མའི་འགག་གནད”ཀྱི་ཞབས་འདེགས་ཞུ་མཁན་བཅས་རེད། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་འདོན་པ། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་རང་སྐྱོང་དང་། ཁྲིམས་སྐྱོང་། སྤྱོད་སྐྱོང་བཅས་ཟུང་དུ་འབྲེལ་བའི་གཞི་རིམ་བཅོས་སྐྱོང་གི་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱེད་ནས་ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་དེ་གཞི་རིམ་བཅོས་སྐྱོང་གི་ནུས་ཕྱོད་དུ་ཏན་ཏིག་འགྱུར་བ་བྱེད་དགོས། དམངས་འཚོའི་བྱ་བ་དངོས་རྒྱུན་མཐུད་ངང་ཡག་པོ་སྒྲུབ་པ་དང་། ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་བསྐྱོད་པ། མང་ཚོགས་ཁྲོད་ཟབ་ཞུགས་དང་གཞི་རིམ་དུ་ཟབ་ཞུགས། གནས་ཚུལ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ། རང་སར་མི་བཞག་དང་མི་སར་རང་སྡོད་ཀྱིས་མང་ཚོགས་ལ་བསམ་བློ་གཏོང་བ། ནུས་ཤུགས་བརྩེ་གསུམ་བཏོན་ནས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་བ་བཅས་བྱས་ཏེ་གདེང་ཚོད་ཡོད་པ་དང་། ཐབས་ཤེས་ཡོད་པ། ནུས་ཤུགས་ཡོད་པ་བཅས་བྱེད་དགོས། “གསར་བརྗེའི་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་དམངས་ཡོངས་ཀྱི་བྱེད་སྒོའི་གྲ་སྒྲིག་ལས་དོན་ནན་ཏན་ངང་ཡག་པོ་བསྒྲུབས་ཏེ་མང་ཚོགས་ཀྱི་སྤྲོ་སྣང་འཕེལ་ས་དང་དོ་ཁུར་བྱ་ཡུལ་ལ་དམ་འཛིན་བྱས་ནས་མང་ཚོགས་ལ་དྲིལ་བསྒྲགས་སྔར་ལྷག་བྱེད་པ་དང་། མང་ཚོགས་ལ་སློབ་གསོ་དང་ཁྲིད་སྟོན་བྱེད་པ། མང་ཚོགས་གོང་བུ་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་སྤེལ་རེས་སྟེགས་བུ་བཟོས་ནས་མང་ཚོགས་དེ་བས་མང་བ་གསར་བརྗེའི་ཆབ་མདོ་འཛུགས་སྐྲུན་གྱི་ལག་ལེན་དངོས་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་ཏེ་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཚན་ཁག་ལ་དམ་འཛིན་དང་དཔུང་ཁག་ལ་སྣེ་ཁྲིད་བྱེད་པར་འབད་བརྩོན་བྱས་ཏེ་དོ་དམ་ནན་པོ་དང་བྱམས་སྐྱོང་གཉིས་ཟུང་འབྲེལ་བྱ་རྒྱུ་དང་སྐུལ་ལྕག་དང་གཅུན་སྡོམ་གཉིས་གལ་ཆེ་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་ཡོན་ལས་བྱེད་པའི་འཇོན་ཐང་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་། གཞི་རིམ་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པ། དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱེད་པ། ཏང་ཡོན་ལས་བྱེད་པས་འགན་འཁུར་ཕོད་པ་དང་བྱས་རྗེས་གང་དྲག་འཇོག་པར་སྐུལ་མ་གཏོང་བ་བཅས་བྱས་ནས་ཐབས་ཇུས་བཀོད་སྒྲིག་ཁག་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་དོན་འཁྱོལ་ཏན་ཏིག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།