འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཆབ་མདོ་གྲོང་ཁྱེར་གྱི“ཁུལ་གསུམ་དང་མཐོ་ས་གཅིག”འཛུགས་གཏོད་ཧུར་ཐག་བྱེད་པ་དང་ཏང་གི་འཛུགས་སྐྱོང་ཆེ་རུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་བྱས་ནས《གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་འཆར་འགོད(2024ལོ་ནས་2027ལོ་བར)》དང《2024ལོའི་ཟླ1ནས་9བར་གྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་དབྱེ་ཞིབ་དང་གོམ་སྟབས་རྗེས་མའི་དཔལ་འབྱོར་ལས་དོན་བཀོད་སྒྲིག》སོགས་ཀྱི་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ལས་དོན་ཁག་གི་སྙན་སེང་ལ་གསན་པ། འབྲེལ་ཡོད་ལས་དོན་བཀོད་སྒྲིག་བཅས་གནང་ཡོད།
ལའོ་ཆིན་འུའུ་དང་། ཝང་ཡ་ཏུང་། ཝུའེ་ཤིན་ཀུའེ། ལིས་གོ་ཅན། ཆིས་དབྱིང་ཧའེ། རྡོ་རྗེ་དགྲ་འདུལ། ཀྲང་ཝུན་ཧྲན། དངོས་གྲུབ་ཟླ་བ། ཀྲའོ་པིང་། ཝུའུ་དབྱིང་ཧའེ། ཝང་ཧྲི་ཡུས། ཅཱ་ཤིན་ཡུས་བཅས་ཚོགས་འདུ་ཞུགས་ཡོད།
ཀྲོང་ཅིན་སུང་གིས“ཁུལ་གསུམ་དང་མཐོ་ས་གཅིག”ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱེད་པ་དང་། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་ཀྱི་ལས་དོན་ནི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་གཙོ་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས“དོན་ཆེན་བཞིར”དམ་པོར་དམིགས་པའི་དོན་འཁྱོལ་བྱེད་པའི་བྱ་ཐབས་ཤིག་ཡིན་ལ། ང་ཚོས་ངེས་པར་དུ་ལེགས་སྒྲུབ་བྱེད་དགོས་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན། རིམ་ཁག་སྡེ་ཚན་ཁག་གིས་སྤྱི་ཡོངས་ཀྱི་འདུ་ཤེས་དང་མ་ལག་ཅན་གྱི་བསམ་གཞིག་ལ་བརྟེན་ནས་ལས་དོན་ལ་ཞིབ་འཇུག་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ།
ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལ་དཔེ་བསྡུར་ཚད་འཛིན་བྱ་རྒྱུར་གནད་སྨིན་ཤུགས་འདོན་དང་། དངོས་འཛིན་དངོས་སྒྲུབ། རྩེ་གྲ་གཏོད་པ་བཅས་བྱས་ནས“འཛུགས་གཏོད་བཞིའི”ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་སྟེ་ཁྱབ་ཁོངས་གཅིག་ལ་གཟི་བརྗིད་འཕར་བ་ལས་ཁྱོན་ཡོངས་ལ་དེ་བས་བཀྲག་མདངས་སྣོན་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།
ཀྲོང་ཅིན་སུང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་རྒྱུ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྩ་ལག་ཟུང་བཅོས་དང་བརྟན་ལྷིང་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་གཏོང་བ་དང་། འགོ་འཛུགས་གྲབས་ཡོད་པའི“གསར་བརྗེའི་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་དམངས་ཡོངས་ཀྱི་བྱེད་སྒོ་དེ་དམ་འཛིན་བྱ་གཞིར་བཟུང་སྟེ་མང་ཚོགས་སྒྲིག་འཛུགས་དང་། མང་ཚོགས་ལ་དྲིལ་བསྒྲགས། མང་ཚོགས་ལ་ཞབས་ཞུ་བཅས་སྔར་ལྷག་བྱས་ཏེ་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ལས་སྒྲུབ་ལས་གཏོད་ཀྱི་སེམས་ཤུགས་འཕེལ་བ་བྱེད་ནས་བོད་ཀྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱ་ཆེད་ཆབ་མདོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།
མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་། ཡང་དག ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། སྲིད་ཇུས་དང་། ས་ཁོངས་ཀྱི་གནས་བབ། ཐོན་ཁུངས་ཀྱི་ལེགས་ཆ་བཅས་ལ་སྐུལ་སྤེལ་གཏོང་བ། འཕེལ་རྒྱས་ཀྱི་མ་ལག་གང་མགྱོགས་འཛུགས་པ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་མཐའ་གཅིག་ཏུ་ལེགས་པོར་སྒྲུབ་པ། སང་ལོའི་ལས་དོན་འཆར་འགོད་དང་བཀོད་སྒྲིག་ཡག་པོ་བྱེད་པ། ཆབ་མདོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་དང་གསོན་ཤུགས་འདོན་སྤེལ་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་བ་དང་དེའི་ནང་ཞུགས་པ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་བྱ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
སྲུང་སྐྱོབ་ཨང་དང་པོར་འཇོག་པ་དང་སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་སྤྱི་འདོམས་བྱེད་པ་དང་། གནམ་སྔོན་པོ་དང་། ཆུ་དྭངས་བ། ས་གཙང་བ་བཅས་ཀྱི་སྲུང་སྐྱོབ་དམག་འཐབ་མུ་མཐུད་ཡག་པོ་རྒྱག་པ། ཁོར་ཡུག་སྲུང་སྐྱོང་གི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆད་སྐྱོན་མགྱོགས་མྱུར་སེལ་བ། རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་སྤེལ་བ་བརྒྱུད་སྔོ་ཞིང་དྭངས་བའི་བྱ་སྤྱོད་སྤེལ་ནས་བོད་ཤར་རྒྱུད་ཀྱི་ས་མཐོའི་རི་ཆུ་ཀླུང་གསུམ་དང་རྩྭ་རྩི་ཤིང་སྲུང་སྐྱོབ་ཡག་པོ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་གཏོད་བྱེད་པའི་ཁྲོད་མཛེས་སྡུག་ལྡན་པའི་ཆབ་མདོའི་རྣམ་པ་གསར་པ་ཞིག་གང་ལེགས་བཟོ་དགོས།
“མཐའ་མཚམས་ཆེན་པོ་དང་མཐའ་སྲུང་ཆེན་པོའི”འདུ་ཤེས་བརྟན་པོར་བསྐྱེད་ནས་རྒྱལ་ཁབ་ཀྱི་འདུ་ཤེས་དང་། རྒྱལ་མཚམས་ཀྱི་འདུ་ཤེས། རྒྱལ་སྲུང་གི་འདུ་ཤེས་བཅས་ཟབ་ཏུ་གཏོང་སྟེ་དམག་དཔུང་དང་ས་གནས་མཉམ་དུ་མཐའ་སྲུང་མཐའ་དར་དམངས་ཕྱུག་གི་རྣམ་གྲངས་ཇུས་འགོད་དང་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་མཐའ་སྲུང་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་པའི་ཁྲོད་ནུས་པ་དེ་བས་ཆེ་བ་གང་དྲག་འདོན་དགོས་ཅེས་ནན་བཤད་གནང་བ་རེད།