འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11པའི་ཚེས14ཉིན་གྱི་ཕྱི་དྲོ། ངེད་གྲོང་ཁྱེར་གྱིས་ཤར་ཕྱོགས་གློག་ཤུགས་རླུང་གློག་མ་རྐང་ཚད་ཡོད་ཀུང་སིའི་རླུང་གློག་གི་འཕྲུལ་འཁོར་བཟོ་སྐྲུན་ལས་གཞི་ཆབ་མདོའི་ཁུལ་གསར་དུ་བཅའ་སྡོད་བྱེད་པའི་མིང་རྟགས་འགོད་པའི་མཛད་སྒོ་སྤེལ་ཡོད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་དང་། ཀྲུང་གོ་ཤར་ཕྱོགས་གློག་ཤུགས་རླུང་གློག་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཙུའུ་ཡི་ཁོངས་མི་སྤྱི་ཁྱབ་ཅིང་ལི་གཞོན་པ་སུན་གོ་ཅུན་རྣམ་གཉིས་མིང་རྟགས་འགོད་པའི་མཛད་སྒོ་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ཝུའེ་ཤིན་ཀུའེ་ཡིས་མཛད་སྒོ་གཙོ་སྐྱོང་ཞུས་ཡོད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ལིས་གོ་ཅན་ཚོགས་འདུ་ཞུགས་ཡོད།
ལའོ་ཆིན་འུའུ་ཡིས་ཆབ་མདོར་དམིགས་བསལ་གྱི་ཆབ་སྲིད་ལེགས་ཆ་དང་། སྲིད་ཇུས་ལེགས་ཆ། ས་བབ་ལེགས་ཆ། ཐོན་ཁུངས་ལེགས་ཆ་བཅས་ལྡན་ལ། བོད་རང་སྐྱོང་ལྗོངས་ཀྱི“ལྟེ་བའི་ཡན་ལག་གྲོང་ཁྱེར”དང་། བོད་ཤར་རྒྱུད་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི། ལྗོངས་ཡོངས་ཀྱི“རྟེན་གཞི་གཅིག་དང་། དཔེ་སྟོན་གཉིས”ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། དེའི་མངའ་ཁོངས་སུ་གཙང་གསུམ་མཉམ་རྒྱུག་དང་རང་བྱུང་གི་ཆུ་རླུང་སོགས་ནུས་རྒྱུ་གཙང་མའི་ཐོན་ཁུངས་གཅིག་ཏུ་བསྡུས་ཡོད། ཀྲུང་གོའི་ཏ་ཐང་དང་། ཀྲུང་གོའི་ཧྭ་གློག ཀྲུང་གོའི་ཧྭ་ནུས་སོགས་ཀྲུང་དབྱང་ཁེ་ལས་སྔ་རྗེས་སུ་ཆ་མདོར་བསྐྱོད་ནས་བོད་ཤར་གྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་མྱུར་པོ་བྱུང་ཡོད་ཅེས་བསྟན།
ལའོ་ཆིན་འུའུ་ཡིས་ད་ཐེངས་ཤར་ཕྱོགས་གློག་ཤུགས་རླུང་གློག་གི་གཙོ་ཆེའི་སྒྲིག་སྦྱོར་བཟོ་སྐྲུན་ལས་གཞི་ཆབ་མདོར་བཅའ་སྡོད་བྱས་པ་དེ་ནི་ཤར་ཕྱོགས་གློག་ཤུགས་ཀྱིས་བོད་དུ་བཀོད་སྒྲིག་བྱས་པའི་རླུང་གློག་གི་སྒྲིག་ཆས་བཟོ་སྐྲུན་ལས་གཞི་ཐོག་མ་དེ་ཡིན། དེས་ཆབ་མདོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་བ་དང་། མི་རིགས་ཁག་དབར་འགྲོ་འོང་། སྤེལ་རེས།མཉམ་འདྲེས་བཅས་ལ་སྔར་བས་སྐུལ་འདེད་བཏང་ཡོད་ཅིང་། ཤར་ཕྱོགས་གློག་ཤུགས་ཀྱིས་ཤེས་ལྡན་མི་སྣ་དང་། ལག་རྩལ། མ་དངུལ་བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་དགོས་ཤིང་། རྒྱུ་རྐྱེན་གཙོ་བོའི་འདེགས་སྐྱོར་གང་ལེགས་བྱེད་པ། རླུང་གློག་གི་གཙོ་ཆེའི་སྒྲིག་སྦྱོར་བཟོ་སྐྲུན་ལས་གཞི་སྔ་ཙམ་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་པ་མ་ཟད། མངོན་གསལ་དོད་པའི་ལས་རིགས་ཀྱི་སྣེ་ཁྲིད་གནས་བབ་ཐོག་ནས་རླུང་གློག་དང་ཆུ་གློག་གི་འབྲེལ་ཡོད་སྒྲིག་ཆས་བཟོ་སྐྲུན་ཁེ་ལས་དེ་བས་མང་བ་ཆབ་མདོར་མ་དངུལ་གཏོང་རྒྱུར་སྐུལ་ཁྲིད་བྱས་ཏེ་གཉིས་ཁེ་གཉིས་ཕན་འཕེལ་རྒྱས་གཏོང་རྒྱུའི་རེ་བ་ཡོད་ཅེས་བསྟན།
སུན་གོ་ཅུན་གྱིས་ཤར་ཕྱོགས་གློག་ཤུགས་ཀུང་སིས་ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁྲི་ཧུར་ཐག་འཁུར་ནས་ཚོགས་པའི་ལེགས་ཆ་འདོན་སྤེལ་བྱས་ཏེ། ལས་གཞི་རྣམ་གྲངས་སྔ་ཙམ་སྐྲུན་འགོ་ཚུགས་པ་དང་དུས་བཀག་ལྟར་བསྐྲུན་ཟིན་ནས་བེད་སྤྱོད་གཏོང་ཐུབ་པའི་འགན་ལེན་བྱ་རྒྱུའི་བསམ་པ་བསྟན་ཡོད།
ཆབ་མདོ་ཁུལ་གསར་དང་ཤར་ཕྱོགས་གློག་ཤུགས(ཆབ་མདོ)ནུས་རྒྱུ་གསར་པ་ཚད་ཡོད་ཀུང་སིའི་འགན་འཁུར་བློ་མཐུན་གྱིས་ཤར་ཕྱོགས་གློག་ཤུགས་རླུང་གློག་མ་རྐང་ཚད་ཡོད་ཀུང་སིའི་རླུང་གློག་གི་འཕྲུལ་འཁོར་བཟོ་སྐྲུན་ལས་གཞི་ཆབ་མདོའི་ཁུལ་གསར་དུ་བཅའ་སྡོད་བྱ་རྒྱུར་མིང་རྟགས་བཀོད་པ་རེད།

